ཀྲུང་གོ་བོད་ཀྱི་དྲ་བ།

ཧུའུ་ཁྲུན་ཧྭ་ཡིས་ཀྲུང་གོར་ཡོད་པའི་ཕྱི་རྒྱལ་ཚོང་པའི་མཐུན་ཚོགས་ཀྱི་བཞུགས་མོལ་ཚོགས་འདུར་གཙོ་སྐྱོང་གནང་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2020-09-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧུའུ་ཁྲུན་ཧྭ་ཡིས་ཚེས8ཉིན་པེ་ཅིང་དུ་ཀྲུང་གོར་ཡོད་པའི་ཕྱི་རྒྱལ་ཚོང་པའི་མཐུན་ཚོགས་ཀྱི་བཞུགས་མོལ་ཚོགས་འདུར་གཙོ་སྐྱོང་གནང་། ཁོང་གིས་ཀྲུང་གོས་བློ་བརྟན་འགྱུར་མེད་ངང་ཚད་མཐོན་པོས་ཕྱི་ཕྱོགས་སྒོ་དབྱེར་སྐུལ་འདེད་གཏང་སྟེ་ཕྱི་རྒྱལ་གྱིས་མ་དངུལ་བཞག་པའི་ཁེ་ལས་ལ་སྔར་ལས་ཚོང་གཉེར་ཁོར་ཡུག་བཟང་པོ་བསྐྲུན་ནས་འཕེལ་རྒྱས་ཀྱི་གོ་སྐབས་མང་པོ་བསྐྲུན་རྒྱུ་ཡིན་ཞེས་ནན་བཤད་བྱས།

ཧུའུ་ཁྲུན་ཧྭ་ཡིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཀྲུང་གོས་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་བཅོས་ཐད་འཐབ་ཇུས་ཀྱི་གྲུབ་འབྲས་གལ་ཆེན་ཐོབ་སྟེ་དཔལ་འབྱོར་བརྟན་པོའི་ངང་བཟང་ཕྱོགས་སུ་འཕེལ་བཞིན་ཡོད། ཀྲུང་གོ་རུ་ཕྱི་རྒྱལ་གྱིས་མ་དངུལ་བཞག་པའི་ཁེ་ལས་ལ་རིམས་ནད་ལས་བྱུང་བའི་ཉམས་ཚོད་སྣ་ཚོགས་ཐེག་ཡོད་ལ། ཁོར་ཡུག་གི་འགྱུར་ལྡོག་ལ་རང་འགུལ་གྱིས་ཁ་གཏད་འཇལ་བ་དང་། ཐོན་སྐྱེད་གཉེར་སྐྱོང་བརྟན་པོ་ཡོང་བ། ཐོན་ལས་སྦྲེལ་ཐག་གི་སྟོད་རྒྱུད་དང་སྨད་རྒྱུད་ཀྱི་ཁེ་ལས་རྣམས་དཀའ་གནད་ལས་སྒྲོལ་བར་སྐུལ་ཁྲིད་བྱས་ཏེ་ཀྲུང་གོའི་དཔལ་འབྱོར་ཇེ་ལེགས་ཕྱོགས་སུ་འཕེལ་རྒྱས་གཏོང་རྒྱུ་དང་ལས་ཞུགས་བརྟན་ལྷིང་ལ་སྐུལ་འདེད་གཏོང་བར་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། ཀྲུང་གོའི་སྲིད་གཞུང་གིས་འབྲེལ་ཡོད་སྲིད་ཇུས་འཐུས་ཚང་དུ་བཏང་ནས་མ་དངུལ་བཞག་པའི་ཕྱི་རྒྱལ་གྱི་ཁེ་ལས་ལ་སྔར་ལས་ལྷག་པའི་ཆ་རྐྱེན་བསྐྲུན་ནས་ཐུན་མོང་ཐོག་འབད་བརྩོན་དང་དུས་ངལ་མཉམ་སེལ་བྱ་རྒྱུ་རེད།

 ཧུའུ་ཁྲུན་ཧྭ་ཡིས་ནན་གྱིས་བསྟན་དོན། ཕྱི་ཕྱོགས་ལ་སྒོ་འབྱེད་པ་ནི་ཀྲུང་གོའི་གཞི་རྩའི་རྒྱལ་ཇུས་ཤིག་ཡིན་པས་དུས་སྐབས་ཤིག་དང་བྱ་བ་ཞིག་གི་དབང་གིས་གཡོ་འགུལ་ཐེབས་མི་སྲིད། ཀྲུང་གོས་ཕྱི་རྒྱལ་གྱི་ཚོང་པས་མ་དངུལ་འཇོག་པའི་བཅའ་ཁྲིམས་དང་ལག་བསྟར་སྲོལ་ཡིག 《ཚོང་གཉེར་ཁོར་ཡུག་ལེགས་སྒྱུར་སྲོལ་ཡིག》སོགས་གོ་སྐབས་སུ་བཟུང་ནས། ཕྱི་རྒྱལ་གྱི་ཚོང་པས་མ་དངུལ་འཇོག་པར་སྐུལ་སྤེལ་དང་། སྲུང་སྐྱོང་། ཞབས་ཞུའི་མ་ལག་བཅས་འཐུས་སྒོ་ཇེ་ཚང་དུ་གཏོང་ཅི་ཐུབ་བྱ་རྒྱུ་དང་། ལམ་ལུགས་དང་ལམ་སྲོལ་ནས་འགོ་བཙུགས་ཏེ་ཕྱི་རྒྱལ་གྱིས་མ་དངུལ་བཞག་པའི་ཁེ་ལས་ལ་དོ་ཁུར་བྱེད་པའི་གནད་དོན་ཐག་གཅོད་བྱ་རྒྱུར་ཤུགས་རྒྱག་དགོས། དེ་དང་དུས་མཚུངས་སུ་ཀྲུང་གོས་བཏོན་པའི་གཟིགས་སྐྱོང་སྲིད་ཇུས་ཁག་ཕྱི་རྒྱལ་གྱིས་མ་དངུལ་བཞག་པའི་ཁེ་ལས་ལའང་སྤྱད་འཐུས་བྱ་རྒྱུ་ཡིན་ལ། སྔར་ལས་ལྷག་པར་ཀྲུང་གོར་ཡོད་པའི་ཕྱི་རྒྱལ་གྱི་ཚོང་པའི་མཐུན་ཚོགས་ཀྱིས་ནུས་པ་གང་ལེགས་འདོན་རྒྱུ་དང་། ཀྲུང་གོ་དང་ཕྱི་རྒྱལ་གྱི་ཁེ་ལས་དབར་སྔར་ལས་ལྷག་པའི་འབྲེལ་བ་འཛུགས་རྒྱུར་སྐུལ་འདེད་བཏང་ནས་ཕྱི་རྒྱལ་གྱི་མ་འཇོག་ཁེ་ལས་ཀྱིས་ཀྲུང་གོར་འཕེལ་རྒྱས་གཏོང་བའི་ཡིད་ཆེས་སྔར་ལས་ཇེ་བརྟན་དུ་གཏོང་དགོས།

བཞུགས་མོལ་ཚོགས་འདུའི་སྟེང་ཧུའུ་ཁྲུན་ཧྭ་ཡིས་ཚོགས་ཞུགས་འཐུས་མི་ཚོས་བཏོན་པའི་བསམ་འཆར་དང་གྲོས་འགོ་ལ་ནན་ཏན་ངང་ཉན་པ་དང་། ཡོ་རོབ་མནའ་འབྲེལ་དང་ཧྥ་རན་སེ། འཇར་མན། འཇར་པན། ཧན་གོ ཨུ་རུ་སུ། དབྱིན་ཇི། ཨ་རི་སོགས་རྒྱལ་ཁབ་དང་ས་ཁུལ་གྱི་ཚོང་དོན་མཐུན་ཚོགས་ཀྱི་འཐུས་མི་བཞུགས་མོལ་ཚོགས་འདུར་ཞུགས་ཡོད་པ་རེད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།