ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོ་ཕྱོགས་ཀྱིས《གོ་ལ་ཧྲིལ་པོའི་གཞི་གྲངས་བདེ་འཇགས་གྲོས་འགོ》བཏོན་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2020-09-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་ཨུ་ཡོན་ནམ་ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་ཝང་དབྱི་ཡིས་ཚེས8ཉིན“གྲངས་འཛིན་གོ་སྐབས་དམ་འཛིན་བྱས་ནས་ཐུན་མོང་ཐོག་མཉམ་ལས་འཕེལ་རྒྱས་ལ་དོན་གཉེར་བྱེད་པ”ཞེས་པའི་རྒྱལ་སྤྱིའི་བགྲོ་གླེང་ཚོགས་འདུའི་མཐོ་རིམ་གྲོས་ཚོགས་ཐོག《ཕྱོགས་མང་རིང་ལུགས་བརྟན་སྲུང་དང་དྲང་གཞག་དྲང་བདེན་དར་སྤེལ་བཏང་ནས་ལག་གདང་མཉམ་སྦྲེལ་བྱས་ཏེ་མཉམ་ལས་གཉིས་ཁེ་ཡོང་བ་བྱེད་དགོས》ཞེས་པ་བརྗོད་དོན་གཙོ་བོ་བྱས་ནས་གསུང་བཤད་གནང་བ་མ་ཟད།《གོ་ལ་ཧྲིལ་པོའི་གཞི་གྲངས་བདེ་འཇགས་གྲོས་འགོ》བཏོན་པ་རེད།

ཝང་དབྱི་ཡིས་བསྟན་དོན། གོ་ལ་ཧྲིལ་པོའི་གྲངས་འཛིན་བཅོས་སྐྱོང་གིས་ཕྱོགས་མང་རིང་ལུགས་མཐའ་འཁྱོངས་དང་། བདེ་འཇགས་འཕེལ་རྒྱས་ལ་ལྟ་རྟོག དྲང་སྙོམས་དྲང་བདེན་ལ་བརྟན་སྲུང་བཅས་བྱེད་པའི་རྩ་དོན་གསུམ་བརྩི་སྲུང་བྱེད་དགོས་པ་མ་ཟད། གནད་དོན་གསར་པའི་འགྲན་སློང་ལ་ཁ་གཏད་འཇལ་བ་དང་། ཐུན་མོང་ཐོག་ཞི་བདེ་དང་བདེ་འཇགས། སྒོ་འབྱེད། མཉམ་ལས། གོ་རིམ་ལྡན་པ་བཅས་ཀྱི་དྲ་རྒྱའི་བར་སྟོང་བསྐྲུན་དགོས། ཀྲུང་གོ་ཕྱོགས་ཀྱིས《གོ་ལ་ཧྲིལ་པོའི་གཞི་གྲངས་བདེ་འཇགས་གྲོས་འགོ》བཏོན་ནས་རྒྱལ་ཁབ་ཁག་གིས་ཧུར་ཐག་སྒོས་ཞུགས་པར་དགའ་བསུ་ཞུ་རྒྱུ་ཡིན། གྲོས་འགོའི་ནང་དོན་གཙོ་བོར་གོ་ལ་ཧྲིལ་པོའི་མཁོ་སྤྲོད་སྦྲེལ་ཐག་གི་སྒོ་དབྱེ་དང་། བདེ་འཇགས། བརྟན་ལྷིང་བཅས་ཡོང་བར་སྲུང་སྐྱོང་བྱ་དགོས། ཆ་འཕྲིན་ལག་རྩལ་ལ་བརྟེན་ནས་རྒྱལ་ཁབ་གཞན་གྱི་གནད་རྩའི་རྨང་གཞིའི་སྒྲིག་བཀོད་ལ་གཏོར་བཤིག་གཏོང་བའམ་ཡང་ན་གཞི་གྲངས་གལ་ཆེན་རྐུ་འཁྱེར་བྱེད་པར་ངོ་རྒོལ་བྱེད་དགོས། ཆ་འཕྲིན་ལག་རྩལ་ལ་བརྟེན་ནས་མི་སྒེར་གྱི་ཆ་འཕྲིན་ལ་གནོད་འཚེ་གཏོང་བའི་བྱ་ཐབས་སྤྱད་ལ་བཀག་འགོག་བྱེད་པ་དང་ཆ་འཕྲིན་ལག་རྩལ་གང་བྱུང་དུ་སྤྱད་དེ་རྒྱལ་ཁབ་གཞན་ལ་དམིགས་པའི་གཞི་ཁྱོན་ཆེ་བའི་ལྟ་སྐུལ་ཚོད་འཛིན་ལ་ངོ་རྒོལ་བྱེད་དགོས། ཁེ་ལས་ཁག་གིས་ས་གནས་དེ་གའི་བཅའ་ཁྲིམས་ལ་བརྩི་འཇོག་བྱ་རྒྱུ་དང་། རང་རྒྱལ་ཁབ་ཀྱི་ཁེ་ལས་ལ་ཕྱི་རྒྱལ་གྱི་གྲངས་གཞི་རྒྱལ་ནང་དུ་ཉར་ཚགས་བྱེད་དགོས་པའི་བཙན་ཤེད་ཀྱི་བླང་བྱ་བཏོན་མི་ཆོག རྒྱལ་ཁབ་གཞན་གྱི་ཆོག་མཆན་མ་ཐོབ་པར་ཐད་ཀར་ཁེ་ལས་སམ་མི་སྒེར་གྱི་ལག་ནས་ཕྱི་རྒྱལ་གྱི་གཞི་གྲངས་བསྡུ་ལེན་བྱེད་མི་ཆོག་པ། ཁེ་ལས་ཀྱིས་ཐོན་རྫས་དང་ཞབས་ཞུའི་ཁྲོད་དུ་ལྟག་སྒོ་འཛུགས་མི་ཆོག

ཝང་དབྱི་ཡིས་གྲོས་འགོ་དེས་གྲངས་འཛིན་བདེ་འཇགས་ཀྱི་གོ་ལ་ཧྲིལ་པོའི་སྒྲིག་སྲོལ་བཟོ་རྒྱུར་མ་དཔེ་མཁོ་འདོན་བྱ་རྒྱུའི་རེ་བ་ཡོད་ལ། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་ཁབ་ཁག་དང་ལག་གདང་སྦྲེལ་ནས་འབད་བརྩོན་སྒོས་ཐུན་མོང་ཐོག་གྲངས་འཛིན་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་དགོས་ཞེས་ནན་བཤད་གནང་བ་རེད། 

ཐེངས་འདིའི་དཔྱད་གླེང་ཚོགས་འདུ་ནི་ཀྲུང་གོ་མཉམ་སྦྲེལ་དྲ་རྒྱ་བཅོས་སྐྱོང་གླེང་སྟེགས་ཀྱིས་སྒྲུབ་པ་རེད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།