ཀྲུང་གོ་བོད་ཀྱི་དྲ་བ།

སྡེ་ཁག་བཞི་ཡིས་སློབ་གྲྭའི་བཟའ་བཅའི་བདེ་འཇགས་ལ་ཞིབ་བཤེར་བཀོད་སྒྲིག་བྱས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2020-09-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས7ཉིན་གསར་འགོད་པས་རྒྱལ་ཁབ་ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུའུ་ནས་ཤེས་རྟོགས་བྱུང་བ་ལྟར་ན། རྒྱལ་ཁབ་ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུའུ་སོགས་སྡེ་ཁག་བཞི་ཡིས་མཉམ་འབྲེལ་སྒོས་སྟོན་དུས་སུ་སློབ་གྲྭའི་བཟའ་བཅའི་བདེ་འཇགས་ལས་དོན་ལ་བཀོད་སྒྲིག་བྱས་ཏེ་སློབ་གྲྭའི་བཟའ་བཅའི་བདེ་འཇགས་ཀྱི་ཉེན་ཁ་སྔོན་འགོག་བྱ་རྒྱུ་དང་བཟའ་བཅའི་སློབ་གསོ་བཟའ་བཏུང་གྲོན་ཆུང་དུ་གཏང་རྒྱུའི་ཐད་ལ་ཤུགས་སྣོན་རྒྱག་རྒྱུ་རེད།

ཉེ་ཆར། རྒྱལ་ཁབ་ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུའུ་ཡིས་སློབ་གསོ་པུའུ་དང་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན། སྤྱི་བདེ་པུའུ་བཅས་དང་མཉམ་དུ《སྟོན་དུས་སུ་སློབ་གྲྭའི་བཟའ་བཅའི་བདེ་འཇགས་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོ》བཀྲམ་ནས་ས་གནས་ཁག་གིས2020ལོའི་སྟོན་དུས་སུ་སློབ་གྲྭའི་བཟའ་བཅའི་བདེ་འཇགས་ལས་དོན་ཡག་པོ་བསྒྲུབ་རྒྱུའི་བཀོད་སྒྲིག་བྱས་པ་རེད། བརྡ་ཐོའི་ནང་བསྟན་དོན། ས་གནས་ཁག་གི་སློབ་གསོ་དང་ཁྲོམ་ར་ལྟ་སྐུལ་དོ་དམ་སྡེ་ཁག་གིས་སློབ་གྲྭ་དང་སློབ་གྲྭ་ཕྱི་རོལ་གྱི་བཟའ་བཅའ་མཁོ་འདོན་སྡེ་ཁག་གིས་བྱ་ཐབས་ནུས་ལྡན་སྤྱད་དེ་བཟའ་བཅའ་འཕྲོ་བརླག་གཏོང་ཚད་ཇེ་ཉུང་དུ་གཏོང་བར་སྐུལ་འདེད་གཏོང་དགོས་ལ། སློབ་མར་དྲིལ་བསྒྲགས་སློབ་གསོ་གཏོང་ཤུགས་ཆེ་རུ་གཏོང་བ་དང་གྲོན་ཆུང་བསྲི་ཚགས་དང་། ཟས་རིགས་འཕྲོ་བརླག་གཏོང་བར་ངོ་རྒོལ་བྱེད་པའི་གོམས་གཤིས་བཟང་པོ་འཇགས་པར་ཁྲིད་སྟོན་བྱ་དགོས། ས་གནས་ཁག་གི་ཚོང་ར་ལྟ་སྐུལ་དོ་དམ་དང་སློབ་གསོ་སྡེ་ཁག་གིས་སློབ་གྲྭ་ཕྱི་རོལ་གྱི་ཟས་རིགས་མཁོ་འདོན་སྡེ་ཁག་དང་སློབ་གྲྭས་ཟས་རིགས་བདེ་འཇགས་ཀྱི་བྱེད་པོའི་འགན་འཁྲི་དོན་འཁྱོལ་ནན་མོ་བྱེད་པར་སྐུལ་འདེད་གཏོང་བ། སློབ་འགོ་མ་ཚུགས་གོང་ལ་ལས་ཞུགས་མི་སྣའི་བདེ་ཐང་གནས་ཚུལ་དང་། ལས་སྣོན་བཟོ་སྐྲུན་བྱ་ཡུལ་གྱི་ཁོར་ཡུག་དང་སྒྲིག་བཀོད། བཟའ་བཅའི་མ་བཅོས་རྒྱུ་ཆ་དང་བཟའ་བཅའི་སྦྱོར་རྟ། བཟའ་བཏུང་ཡོ་བྱད། ཐད་ཀར་བཟའ་རུང་བའི་ཟས་རིགས་ལ་རེག་པའི་སྣོད་ཆས་སོགས་ལ་ཕྱོགས་ཡོངས་ནས་གྲལ་བཤེར་བྱེད་དགོས་པ་མ་ཟད། དུས་ལྟར་བཟའ་ཆས་ཉེན་མེད་ཡོང་བར་ཁྱོན་ཡོངས་ནས་རང་བཤེར་བྱས་ཏེ་བྱེད་ཐབས་ནུས་ལྡན་སྤྱད་དེ་བཟའ་བཅའི་བདེ་འཇགས་ཀྱི་ཉེན་ཁའི་མངོན་མེད་རྐྱེན་ངན་མེད་པ་བཟོས་ནས་བཟའ་བཅའི་བདེ་འཇགས་ཀྱི་དོན་རྐྱེན་ཚབས་ཆེན་འབྱུང་བར་ནན་འགོག་བྱེད་དགོས།

བརྡ་ཐོའི་བཀོད་སྒྲིག་ལྟར། ས་གནས་ཁག་གི་ཁྲོམ་ར་ལྟ་སྐུལ་དོ་དམ་དང་སློབ་གསོ། འཕྲོད་བསྟེན་བདེ་ཐང་། སྤྱི་བདེ་སོགས་སྡེ་ཁག་གིས་གཞོགས་འདེགས་དམ་ཟབ་བྱས་ཏེ་ལས་ཀའི་ཆ་འཕྲིན་བརྡ་ཁྱབ་དང་ཆ་འཕྲིན་མཉམ་སྤྱོད་ལ་ཤུགས་སྣོན་རྒྱག་རྒྱུ་དང་། ལྟ་སྐུལ་དོ་དམ་གྱི་འགྲིལ་ཤུགས་ཆགས་པར་བྱ་དགོས། སློབ་གསོའི་སྡེ་ཁག་གིས་སློབ་གྲྭའི་བཟའ་བཅའ་བདེ་འཇགས་དེ་སློབ་གཙོ(ཡོན་ཀྲང་)ཡིས་འགན་འཁུར་བའི་ལམ་ལུགས་དོན་འཁྱོལ་བྱས་ཏེ་སློབ་གྲྭའི་ཟ་ཁང་སོགས་ཀྱི་བཟའ་བཅའི་བདེ་འཇགས་དོ་དམ་ལ་ཤུགས་སྣོན་རྒྱག་དགོས་པ་དང་། ཁྲོམ་ར་ལྟ་སྐུལ་དོ་དམ་སྡེ་ཁག་གིས་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་དང་ཐེངས་གྲངས་སྔར་ལས་ཇེ་མང་དུ་བཏང་ནས་བཟའ་བཅའི་བདེ་འཇགས་ཀྱི་ཁྲིམས་འགལ་བྱེད་སྤྱོད་ལ་ཁྲིམས་ལྟར་ཆད་པ་གཅོད་དགོས་པ་དང་། སྔར་ལས་ལྷག་པར་འཕྲོད་བསྟེན་བདེ་ཐང་སྡེ་ཁག་གིས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཤེས་བྱའི་དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་བརྒྱབ་ནས་བཟའ་བཏུང་ལས་བྱུང་བའི་ནད་ཡམས་སྔོན་འགོག་གི་ཤེས་བྱའི་སློབ་གསོ་སྤེལ་བར་མཛུབ་ཁྲིད་བྱེད་དགོས་པ་དང་། སྤྱི་བདེ་ལས་ཁུངས་ཀྱིས་སློབ་གྲྭ་དང་སློབ་གྲྭའི་ཉེ་འཁོར་གྱི་བཟའ་བཅའི་བདེ་འཇགས་ཉེས་གསོག་བྱ་སྤྱོད་ལ་རྡུང་རྡེག་ཚ་ནན་དུ་གཏོང་དགོས། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།