ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཉིས་སྟོང་ཉི་ཤུ་ལོའི་ཀྲུང་གོའི་རྒྱལ་སྤྱིའི་ཞབས་ཞུའི་ཉོ་ཚོང་ཚོགས་འདུའི་འཛམ་གླིང་ཡོངས་ཀྱི་ཞབས་ཞུའི་ཉོ་ཚོང་མཐོ་རིམ་གྲོས་ཚོགས་སྟེང་ཞུ་ཚིག་ཕུལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-09-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་བཞི་ཉིན་ཉིས་སྟོང་ཉི་ཤུ་ལོའི་ཀྲུང་གོའི་རྒྱལ་སྤྱིའི་ཞབས་ཞུའི་ཉོ་ཚོང་ཚོགས་འདུའི་འཛམ་གླིང་ཡོངས་ཀྱི་ཞབས་ཞུའི་ཉོ་ཚོང་མཐོ་རིམ་གྲོས་ཚོགས་སྟེང་ཞུ་ཚིག་ཕུལ། 

ཞི་ཅིན་ཕིང་གིས་ཞུ་ཚིག་འབུལ་སྐབས་བསྟན་དོན། འདས་པའི་ཟླ་ངོ་འགའི་ནང་། ཀྲུང་གོའི་མི་དམངས་ཀྱིས་རྒྱལ་ཁབ་སོ་སོའི་མི་དམངས་དང་མཉམ་དུ་ཕན་ཚུན་རྒྱབ་སྐྱོར་དང་རོགས་རམ་བྱས་ཏེ། མཉམ་དུ་པྲོག་གསར་གློ་ཚད་རིམས་ནད་འགོག་རྒོལ་དང་རིམས་ནད་ལས་བྱུང་བའི་འཛམ་གླིང་རང་བཞིན་གྱི་འགྲན་རྩོད་ཐག་གཅོད་བྱེད་པའི་ཐད་དཀའ་སྤྱད་སྡུག་རུས་བྱས། མིག་སྔར་འཛམ་གླིང་ཡོངས་ཀྱི་ཁྱབ་ཁོངས་ཀྱི་རིམས་ནད་ལ་སྔར་བཞིན་ཚོད་འཛིན་གང་ལེགས་ཐོབ་མེད་པ་དང་། རྒྱལ་ཁབ་སོ་སོའི་རིམས་ནད་འགོག་རྒོལ་དང་དཔལ་འབྱོར་གཏན་འཇགས། དམངས་འཚོའི་འགན་སྲུང་བཅས་ཀྱི་ལས་འགན་ཧ་ཅང་ལྗིད། གནས་བབ་འདི་འདྲའི་འོག ཀྲུང་གོས་དཀའ་ཁག་མང་བོ་ཁྱད་དུ་བསལ་ནས་རྒྱལ་སྤྱིའི་དཔལ་འབྱོར་ཉོ་ཚོང་བྱ་འགུལ་ཆེན་མོ་འདི་འདྲ་སྤེལ་བ་ནི་ཚང་མ་དང་མཉམ་དུ་ལག་རྡང་སྦྲེལ་ནས་དཀའ་ཁག་ཁྱད་བསལ་གྱིས་འཛམ་གླིང་ཡོངས་ཀྱི་ཞབས་ཞུའི་ཉོ་ཚོང་གི་འཕེལ་རྒྱས་དང་དར་རྒྱས་ལ་ཡར་སྐུལ་བཏང་ནས། འཛམ་གླིང་དཔལ་འབྱོར་མྱུར་དུ་སླར་གསོ་འབྱུང་བར་སྐུལ་འདེད་གཏོང་དགོས། དེ་གོ་སྐབས་སུ་བྱས་ཏེ་སྟེགས་བུ་དང་འབྲེལ་ཟམ་བཙུགས་ནས། རྒྱལ་ཁབ་སོ་སོའི་མི་དམངས་ཀྱིས་ཞབས་ཞུའི་ཉོ་ཚོང་ཁྱབ་ཁོངས་ཀྱི་འཕེལ་རྒྱས་གསར་བ་མངོན་པར་བྱས་ཏེ། མཉམ་དུ་མིའི་རིགས་སྤྱི་ཚོགས་འཕེལ་རྒྱས་གོང་འཕེལ་གྱི་ལག་རྩལ་དང་གྲུབ་འབྲས་གསར་བར་ལོངས་སྤྱོད་བྱེད་དགོས་ཞེས་གསུངས། 

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། དེང་སྐབས་འཛམ་གླིང་ལོ་བརྒྱ་ཕྲག་ལྷག་ལ་བྱུང་མྱོང་མེད་པའི་འགྱུར་ལྡོག་ཆེན་པོ་བརྒྱུད་བཞིན་ཡོད་ཅིང་། པྲོག་གསར་གློ་ཚད་རིམས་ནད་འཛམ་གླིང་ཡོངས་སུ་མཆེད་པ་ལས་འགྱུར་ལྡོག་ཆེན་མོ་དེའི་མྱུར་ཚད་ཇེ་མགྱོགས་སུ་བཏང་། དཔལ་འབྱོར་འཛམ་གླིང་ཅན་ལ་གནོད་པ་ཐེབས་ཡོད་ལ། སྲུང་སྐྱོབ་རིང་ལུགས་དང་ཕྱོགས་གཅིག་རིང་ལུགས་དར་བ་དང་། འཛམ་གླིང་གི་དཔལ་འབྱོར་ཉམས་རྒུད་དུ་སོང་ཡོད། རྒྱལ་སྤྱིའི་ཉོ་ཚོང་དང་དངུལ་གཏོང་ལྡབ་འགྱུར་གྱིས་ཇེ་ཉུང་དུ་སོང་སྟེ། མིའི་རིགས་ཀྱི་ཐོན་སྐྱེད་དང་འཚོ་བར་སྔ་ན་མེད་པའི་འགྲན་རྩོད་དང་ཉམས་སད་ཁྱེར་ཡོང་ཡོད། ཞོར་དུ་ང་ཚོས་ཀྱང་ཉེ་བའི་ལོ་འགའི་རིང་གི་སྐོར་ཐེངས་གསར་བའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་བཅོས་བསྒྱུར་གྱི་རྣམ་པ་བཟང་བ་དུ་སོང་ནས་གྲངས་ལྡན་ལག་རྩལ་གྱི་འཕེལ་རྒྱས་ལ་སྐུལ་ཁྲིད་བྱེད་པ་དང་། ཐོན་ལས་ཀྱི་གཏིང་ཟབ་མཉམ་འདྲིས་ལ་སྐུལ་འདེད་བཏང་སྟེ། ཞབས་ཞུའི་དཔལ་འབྱོར་བདེ་བླག་ངང་འཕེལ་རྒྱས་སུ་འགྲོ་བར་སྣེ་ཁྲིད་བྱེད་དགོས། ཐེངས་འདིའི་རིམས་ནད་འཛམ་གླིང་ཡོངས་སུ་མཆེད་པའི་སྐབས་སུ། རྒྱང་བསྟེན་གསོ་བཅོས་དང་། སྐུད་ཐོག་སློབ་གསོ། མཉམ་སྤྱོད་སྟེགས་བུ། རོགས་ལས་གཞུང་སྒྲུབ། རྒྱལ་ཁོངས་བརྒལ་བའི་གློག་རྡུལ་ཚོང་དོན་སོགས་ཞབས་ཞུ་རྒྱ་ཆེར་བེད་སྤྱོད་བྱས་ཏེ། རྒྱལ་ཁབ་སོ་སོའི་དཔལ་འབྱོར་གཏན་འཇགས་ལ་སྐུལ་འདེད་གཏོང་བ་དང་། རྒྱལ་སྤྱིའི་རིམས་འགོག་མཉམ་ལས་ལ་ཡར་སྐུལ་གཏོང་བའི་ཐད་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཡོད། མ་འོངས་པར་རྒྱང་བལྟ་བྱས་ན། ཞབས་ཞུའི་ལས་རིགས་ཀྱི་སྒོ་འབྱེད་མཉམ་ལས་དེས་ཉིན་རེ་བཞིན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གལ་ཆེན་དུ་གྱུར་ཡོད་ཅེས་གསུངས། 

ཞི་ཅིན་ཕིང་གིས་འདོད་བློ་གསུམ་བཏོན་ཡོད་དེ། གཅིག་ནས་མཉམ་དུ་སྒོ་འབྱེད་བཟོད་སྒོམ་གྱི་མཉམ་ལས་ཁོར་ཡུག་གསར་བསྐྲུན་བྱེད་དགོས། གཉིས་ནས་མཉམ་དུ་གསར་གཏོད་སྣེ་ཁྲིད་ཀྱི་མཉམ་ལས་སྒུལ་ནུས་ལ་སྐུལ་སྤེལ་བྱེད་དགོས། གསུམ་ནས་མཉམ་དུ་གཉིས་ཕན་མཉམ་ལས་ཀྱི་རྣམ་པ་གསར་བསྐྲུན་བྱེད་དགོས། 

ཞི་ཅིན་ཕིང་གིས་བསྟན་དོན། པེ་ཅིང་གི་ཀྲུང་གོའི་ཞབས་ཞུ་ལས་རིགས་ཀྱི་སྒོ་འབྱེད་ཁྲོད་ཀྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་ཤིང་། ང་ཚོས་པེ་ཅིང་གིས་རྒྱལ་ཁབ་ཞབས་ཞུའི་བྱེད་སྒོའི་རྒྱ་སྐྱེད་སྒོ་འབྱེད་ཕྱོགས་བསྡུས་དཔེ་སྟོན་ས་ཁུལ་གསར་འཛུགས་བྱེད་པར་རྒྱབ་སྐྱོར་བྱེད་པ་དང་། སྔོན་སྐྱོད་ཚོད་ལྟའི་ཤུགས་ཚད་ཇེ་ཆེར་བཏང་ནས་བསྐྱར་བཤུས་དང་ཁྱབ་གདལ་དུ་བཏང་ཆོག་པའི་ཉམས་མྱོང་སྔར་ལས་མང་བོ་འཚོལ་ཞིབ་བྱེད་དགོས། ཚན་རྩལ་གསར་གཏོད་དང་ཞབས་ཞུའི་ལས་རིགས་ཀྱི་སྒོ་འབྱེད། གྲངས་ལྡན་དཔལ་འབྱོར་བཅས་ཁྱད་ཆོས་གཙོ་བོ་ཡིན་པའི་རང་དབང་ཉོ་ཚོང་ཚོད་ལྟའི་ས་ཁུལ་འཛུགས་པ་དང་། པེ་ཅིང་དང་ཐེན་ཅིན་། ཧི་པེ་བཅས་ཀྱི་མཐུན་སྦྱོར་འཕེལ་རྒྱས་ཀྱི་ཆུ་ཚད་མཐོ་བའི་སྒོ་འབྱེད་སྟེགས་བུ་བཙུགས་ཏེ། རིམ་པ་སྔར་ལས་མཐོ་བའི་བཅོས་སྒྱུར་སྒོ་འབྱེད་ཀྱི་རྣམ་པ་གསར་བ་ཆགས་པར་སྐུལ་ཁྲིད་བྱེད་དགོས་ཞེས་གསུངས། 

ཞི་ཅིན་ཕིང་གིས་མཇུག་མཐར་ནན་གྱིས་བསྟན་དོན། གློ་བུར་དུ་བྱུང་བའི་པྲོག་གསར་གློ་ཚད་རིམས་ནད་ཀྱིས་དུས་ཡུན་ཅིག་གི་ནང་ང་ཚོའི་ལྷན་འཛོམས་ལ་བར་ཆད་བྱས་ཀྱང་། ཞབས་ཞུའི་ཉོ་ཚོང་འཕེལ་རྒྱས་ཀྱི་གོམ་སྟབས་ལ་བར་ཆད་བཟོ་ཐབས་མེད་ལ། ང་ཚོའི་ལག་རྡང་སྦྲེལ་ནས་མཉམ་བརྩོན་དང་མཉམ་ལས་གཉིས་ཕན་གྱི་ཡིད་ཆེས་དང་འགུལ་སྐྱོད་ལ་བར་ཆད་བཟོ་ཐབས་མེད། ང་ཚོས་སེམས་ཤུགས་གཅིག་སྒྲིལ་དང་ལག་རྡང་སྦྲེལ་ནས་མདུན་སྐྱོད་བྱེད་དགོས། གོམ་སྟབས་བརྟན་པོས་མིའི་རིགས་ཀྱི་ལོ་རྒྱུས་སྟེང་གི་དཀའ་སྡུག་གི་དུས་རིམ་བརྒལ་ནས། མཉམ་དུ་འཛམ་གླིང་གི་སྔར་ལས་མཛེས་སྡུག་ལྡན་པའི་མ་འོངས་པ་བསུ་དགོས་ཞེས་གསུངས།  །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།