ཀྲུང་གོ་བོད་ཀྱི་དྲ་བ།

ཧན་ཀྲིན་ཉིས་སྟོང་ཉི་ཤུ་ལོའི་ཀྲུང་གོའི་རྒྱལ་སྤྱིའི་ཞབས་ཞུའི་ཉོ་ཚོང་ཚོགས་འདུའི་འཛམ་གླིང་ཡོངས་ཀྱི་ཞབས་ཞུའི་ཉོ་ཚོང་མཐོ་རིམ་གྲོས་ཚོགས་ལ་ཞུགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-09-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་ཚེས་བཞི་ཉིན་པེ་ཅིང་ནས་ཉིས་སྟོང་ཉི་ཤུ་ལོའི་ཀྲུང་གོའི་རྒྱལ་སྤྱིའི་ཞབས་ཞུའི་ཉོ་ཚོང་ཚོགས་འདུའི་འཛམ་གླིང་ཡོངས་ཀྱི་ཞབས་ཞུའི་ཉོ་ཚོང་མཐོ་རིམ་གྲོས་ཚོགས་ལ་ཞུགས། 

མཐོ་རིམ་གྲོས་ཚོགས་སྟེང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བརྙན་རིས་ཞུ་ཚིག་ཕུལ། ཧན་ཀྲིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧུའུ་ཁྲོང་ཧྭ། པེ་ཅིང་གྲོང་ཁྱེར་གྱི་ཧྲུའུ་ཅི་ཚེ་ཆི་བཅས་པེ་ཅིང་གི་ཚོགས་རར་ཞུགས་པ་དང་། འབྲེལ་ཡོད་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་དང་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འགན་ཁུར་བ་སོགས་སྐུད་ཐོག་ཚོགས་རར་ཞུགས། དགོང་མོའི་དུས་ཚོད་བརྒྱད་དང་སྐར་མ་ལྔ་བཅུའི་སྟེང་། ཧན་ཀྲིན་གྱིས་ཉིས་སྟོང་ཉི་ཤུ་ལོའི་ཀྲུང་གོའི་རྒྱལ་སྤྱིའི་ཞབས་ཞུའི་ཉོ་ཚོང་ཚོགས་འདུ་མགོ་བརྩམས་པ་ཁྱབ་སྒྲོག་བྱས། 

ཧུའུ་ཁྲོང་ཧྭ་ཡིས་མཐོ་རིམ་གྲོས་ཚོགས་ལ་མགོ་འཛིན་བྱས། ཨ་ཀེན་ཐིན་གྱི་ཙུང་ཐུང་ཧྥེ་ཨར་ནན་ཏི་སི་དང་། ཐེ་གོའི་ཙུང་ལི་པཱ་ཡུས། ཧན་གོའི་ཙུང་ལི་གཞོན་པ་ཧོང་ནན་ཅི། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་པ་ཐན་ཏི་སེ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཉོ་ཚོང་དང་འཕེལ་རྒྱས་གྲོས་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཅི་ཐུའུ་དབྱེ། འཛམ་གླིང་ཉོ་ཚོང་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་གཞོན་པ་དབྱེ་ཞའོ་ཀྲོན་བཅས་ཀྱིས་སྔ་གཞུག་ཏུ་བརྙན་རིས་དང་སྐུད་འབྲེལ་གྱི་ཐབས་ལ་བརྟེན་ནས་ཞུ་ཚིག་ཕུལ། 

མཐོ་རིམ་གྲོས་ཚོགས་མགོ་མ་བརྩམས་གོང་། ཧན་ཀྲིན་དང་ཧུའུ་ཁྲོང་ཧྭ། ཚེ་ཆི་བཅས་ཀྱིས་མཉམ་དུ་ཞབས་ཞུའི་ཉོ་ཚོང་འགྲེམ་སྟོན་ཁང་ལ་རྟོག་ཞིབ་བྱས། འགྲེམ་སྟོན་ལ་ཞུགས་པའི་ཁེ་ལས་ཀྱི་འགན་ཁུར་བ་དང་གླེང་མོལ་བྱེད་སྐབས། ཧན་ཀྲིན་གྱིས་བསྟན་དོན། ཀྲུང་གོར་མི་གྲངས་ཐེར་འབུམ་གཅིག་དང་དུང་ཕྱུར་བཞི་ཡིས་གྲུབ་པའི་གཞི་རྒྱ་ཆེ་བའི་ནང་མཁོའི་ཚོང་ར་ཆགས་ཡོད་ཅིང་། རྒྱལ་ནང་གི་འཁོར་སྐྱོད་ཆེན་མོ་གཙོ་བྱས་ཤིང་། རྒྱལ་ནང་དང་རྒྱལ་སྤྱིའི་འཁོར་སྐྱོད་ཟུང་གིས་ཕན་ཚུན་རོགས་འདེགས་བྱེད་པའི་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་ཆགས་བཞིན་ཡོད། ཚང་མས་ཀྲུང་གོའི་འཕེལ་རྒྱས་དུས་རིམ་གསར་བའི་གོ་སྐབས་དམ་འཛིན་བྱས་ཏེ། ཚོང་ར་གསར་འབྱེད་དང་ཚོང་སྐལ་མཉམ་སྤྱོད་ཀྱིས་རང་སྟེང་གི་འཕེལ་རྒྱས་མངོན་འགྱུར་བྱས་ནས། ཀྲུང་གོའི་དཔལ་འབྱོར་རྒྱུན་མཐུད་དང་གཏན་འཇགས། བདེ་ཐང་ངང་འཕེལ་རྒྱས་སུ་འགྲོ་བར་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས་ཞེས་གསུངས། 

ཉིས་སྟོང་ཉི་ཤུ་ལོའི་ཀྲུང་གོའི་རྒྱལ་སྤྱིའི་ཞབས་ཞུའི་ཉོ་ཚོང་ཚོགས་འདུ་ནི་འཛམ་གླིང་ཡོངས་ཀྱི་ཞབས་ཞུའི་ཉོ་ཚོང་ཁྱབ་ཁོངས་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་འགྲེམ་སྟོན་ཚོགས་འདུ་ཐོག་མ་ཡིན་པ་དང་། ཚོང་དོན་པུའུ་དང་པེ་ཅིང་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་མཉམ་དུ་སྤེལ་བ་རེད། སྐབས་འདིའི་ཞབས་ཞུའི་ཉོ་ཚོང་ཚོགས་འདུའི་བརྗོད་སྙིང་ནི་འཛམ་གླིང་ཡོངས་ལ་ཞབས་འདེགས་ཞུ་བ་དང་གཉིས་ཕན་མཉམ་སྤྱོད་བྱེད་དགོས་ཞེས་པ་དེ་རེད། སྐུད་ཐོག་དང་ཟུང་འབྲེལ་བའི་བྱེད་ཐབས་ལ་བརྟེན་ནས་གླེང་སྟེགས་དང་ཚོང་གཏམ་བྱ་འགུལ་བརྒྱ་ལྷག་སྤེལ་བ་དང་། ཞབས་ཞུའི་ཉོ་ཚོང་གི་འཕེལ་ཕྱོགས་དང་གསར་གཏོད་འཕེལ་རྒྱས། རྒྱལ་སྤྱིའི་མཉམ་ལས་སོགས་གྲོས་གཞིར་དམིགས་ནས་རྣམ་པ་སྣ་ཚོགས་པའི་བྱ་འགུལ་སྤེལ་ནས། འགྲེམ་སྟོན་ལ་ཞུགས་པའི་ཚོང་མགྲོན་དག་ལ་ཚོང་གཏམ་བརྗེ་རེས་དང་མཉམ་ལས་བྱེད་པའི་གོ་སྐབས་ཆེན་པོ་ཞིག་གསར་བསྐྲུན་བྱས་ཡོད།  །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།