ཀྲུང་གོ་བོད་ཀྱི་དྲ་བ།

2020ལོའི་རྒྱལ་ཁབ་དྲ་རྒྱའི་བདེ་འཇགས་དྲིལ་བསྒྲགས་གཟའ་འཁོར་ཟླ9བའི་ཚེས14ཉིན་རྒྱལ་ཡོངས་སུ་དུས་མཉམ་དུ་སྤེལ་རྒྱུ་རེད།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2020-09-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས4ཉིན། གསར་འགོད་པས་ཀྲུང་དབྱང་དྲ་འཕྲིན་གཞུང་དོན་ཁང་གིས་པེ་ཅིང་དུ་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བ་ལྟར་ན། ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་ཀྲུང་དབྱང་དྲ་འཕྲིན་གཞུང་ལས་ཁང་། སློབ་གསོ་པུའུ། བཟོ་ལས་དང་ཆ་འཕྲིན་ཅན་པུའུ། སྤྱི་བདེ་པུའུ། ཀྲུང་གོ་མི་དམངས་དངུལ་ཁང་། རྒྱལ་ཁབ་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ཅུའུ། རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས། གུང་གཞོན་སྡེ་ཚོགས་ཀྲུང་དབྱང་། རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱིས་མཉམ་འབྲེལ་སྒོས་སྤེལ་རྒྱུ་ཡིན་པའི2020ལོའི་རྒྱལ་ཁབ་དྲ་རྒྱའི་བདེ་འཇགས་དྲིལ་བསྒྲགས་གཟའ་འཁོར་དེ་ཟླ9བའི་ཚེས14ནས20ཉིན་བར་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ་དུས་མཉམ་དུ་སྤེལ་རྒྱུ་ཡིན་པ་དང་། དྲ་རྒྱའི་བདེ་འཇགས་མཐོ་རིམ་གླེང་སྟེགས་སོགས་བྱེད་སྒོ་གལ་ཆེན་ཁག་ཧོ་ནན་ཞིང་ཆེན་ཀྲེང་ཀྲོའུ་རུ་འཚོགས་རྒྱུ་རེད།

ཀྲུང་དབྱང་དྲ་རྒྱའི་ཆ་འཕྲིན་གཞུང་ལས་ཁང་དྲ་རྒྱའི་བདེ་འཇགས་མཐུན་སྦྱོར་ཅུའུ་ཡི་ཅུའུ་ཀྲང་གཞོན་པའམ་རིམ་པ་དང་པོའི་སྐོར་གཟིགས་པ་ཀའོ་ལིན་གྱིས་ཚོགས་འདུའི་ཐོག་ངོ་སྤྲོད་བྱས་དོན། 2020ལོའི་རྒྱལ་ཁབ་དྲ་རྒྱའི་བདེ་འཇགས་དྲིལ་བསྒྲགས་གཟའ་འཁོར་གྱི་བརྗོད་དོན་གཙོ་བོ་ནི“དྲ་རྒྱའི་བདེ་འཇགས་ནི་མི་དམངས་ཀྱི་ཆེད་དང་དྲ་རྒྱའི་བདེ་འཇགས་ནི་མི་དམངས་ལ་བརྟེན་དགོས”ཞེས་པ་དེ་རེད། སྔར་ལས་ལྷག་པར་དྲ་རྒྱའི་བརྒྱུད་སྤེལ་གྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་པ་དང་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དགོས་མཁོ་དངོས་དང་ཟུང་འབྲེལ་བྱས་ཏེ་སྐབས་འདིའི་དྲ་རྒྱའི་བདེ་འཇགས་གཟའ་འཁོར་གྱིས་དྲ་ཐོག་གི་བྱེད་སྒོ་གཙོ་བོར་བྱ་རྒྱུ་དང་དྲ་ཐོག་དང་དྲ་ཕྱི་ཟུང་འབྲེལ་བྱེད་པའི་ཐབས་ལམ་སྤྱོད་རྒྱུ་ཡིན་པ་རེད། དྲ་ཐོག་ཏུ“2020ལོའི་རྒྱལ་ཁབ་ཀྱི་དྲ་རྒྱའི་བདེ་འཇགས་དྲིལ་བསྒྲགས་གཟའ་འཁོར་གྱི་དྲ་ཐོག་ལས་སྟེགས”(www.. gjwlaqxcz. cn) སྐྲུན་ཏེ་དྲ་ངོས་དང་། སྐད་འཕྲིན། བྱ་རིམ་ཆུང་བ་སོགས་བརྒྱུད་ནས་བྱེད་སྒོ་ཚང་མའི་གནས་ཚུལ་ཞིབ་ཕྲ་རྣམས་ལས་སྟེགས་འདི་ཉིད་ལས“གཅིག་འཐུས་རྣམ་པའི”འཚམས་འདྲི་བྱ་ཆོག་པ་རེད། ཟླ9པའི་ཟླ་སྟོད་དུ་ཀྲུང་དབྱང་གསར་འགྱུར་དྲ་ཚིགས་དང་། ཚོང་ལས་དྲ་ཚིགས་གཙོ་བོ། གསར་འགྱུར་སྤྱོད་སྣེ། ལག་ཐོགས་ཁ་པར་བཤར་ཆས་སོགས་ཀྱི་མངོན་གསལ་དོད་སར་དྲ་ཐོག་ལས་སྟེགས་ཀྱི་འཇུག་སྒོ་སྦྲེལ་མཐུད་བྱ་རྒྱུ་རེད།

ཀྲེང་ཀྲོའུ་གྲོང་ཨུད་ཀྱི་རྒྱུན་ཨུའམ་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་ཧོང་ཆིང་གིས་བསྟན་དོན། ཀྲེང་ཀྲོའུ་གྲོང་ཁྱེར་གྱིས་མ་དངུལ་སྒོར་དུང་ཕྱུར5ཙམ་བཏང་ནས་རྒྱལ་ནང་གི་དྲ་རྒྱའི་བདེ་འཇགས་ཚན་རྩལ་ཁང་ཐོག་མ་དེ་བསྐྲུན་ཡོད། དྲ་རྒྱའི་བདེ་འཇགས་དང་མིས་བཟོས་རིག་ནུས། གཞི་གྲངས་ཚན་རིག ཚད་རྡུལ་ཚན་རྩལ་སོགས་གསར་དར་ཐོན་ལས་ཀྱི་ཁྱབ་ཁོངས་མང་པོར་ཁྱབ་ཡོད་ལ། ཕྱོགས་བསྡུས་སྒོས་ལག་རྩལ་གྱི་བྱེད་ཐབས་སྣ་མང་སྤྱད་དེ་དྲ་རྒྱའི་བར་སྟོང་མ་ལག་ཅན་དང་། མཐོང་རུང་ཅན། དངོས་གཞི་ཅན་བཅས་སུ་འགྱུར་བའི་འགྲེམས་སྟོན་བྱས་ཆོག

 ཤེས་རྟོགས་བྱུང་བར་གཞིགས། 2020ལོའི་རྒྱལ་ཁབ་དྲ་རྒྱའི་བདེ་འཇགས་དྲིལ་བསྒྲགས་གཟའ་འཁོར་ནང་ད་དུང་སློབ་གྲྭའི་ཉིན་མོ་དང་། གློག་འཕྲིན་ཉིན་མོ། ཁྲིམས་སྐྱོང་ཉིན་མོ། དངུལ་རྩའི་ཉིན་མོ། གཞོན་ནུ་ལོ་ཆུང་ཉིན་མོ། མི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོང་ཉིན་མོ་སོགས་བརྗོད་དོན་གཙོ་བོ་ཡིན་པའི་ཉིན་མོའི་བྱེད་སྒོ་རབ་དང་རིམ་པ་སྤེལ་རྒྱུ་དང་། དེ་བཞིན་དྲ་ཐོག་གླེང་མོལ་དང་། “དྲ་ཆེན་བུམ་པའི”དྲ་རྒྱའི་བདེ་འཇགས་འགྲན་སློང་འགྲན་བསྡུར། དྲ་རྒྱའི་བདེ་འཇགས་སློབ་ཚན་ཆུང་གྲས་བསྡུ་རུབ་སོགས་བྱ་རྒྱུ་རེད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།