ཀྲུང་གོ་བོད་ཀྱི་དྲ་བ།

མཐུན་སྒྲིལ་དང་ཡར་བརྩོན་གྱིས་མཉམ་དུ་མཛེས་སྡུག་གི་སང་ཉིན་བསྐྲུན་པ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2020-09-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

——སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཀྲུང་དབྱང་གི་བོད་ལྗོངས་བྱ་བའི་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་སྟེང་གི་གསུང་བཤད་གལ་ཆེན་ལ་ཚུར་སྣང་ལན་ཆ་དྲག་པོ་བྱུང་བ།    

“ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོ་བཟོས་ཏེ། འཕེལ་རྒྱས་སྤུས་ཚད་མཐོ་རུ་གཏོང་བ”དང“མི་དམངས་ཀྱི་འཚོ་བའི་ཆུ་ཚད་མུ་མཐུད་དུ་ཇེ་མཐོར་འགྲོ་བར་ཁག་ཐེག་བྱེད་པ”དང“མཐུན་སྒྲིལ་དང་འབྱོར་ཕྱུག དཔལ་ཡོན།འཆམ་མཐུན།མཛེས་སྡུག་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཧུར་ཐག་སྒོས་འཛུགས་སྐྲུན་བྱེད་དགོས།”

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཀྲུང་དབྱང་གི་བོད་ལྗོངས་བྱ་བའི་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་སྟེང་གི་གསུང་བཤད་གལ་ཆེན་ལ་མང་ཚོགས་དང་ལས་བྱེད་པའི་ཁྲོད་ཚུར་སྣང་ལན་ཆ་དྲག་པོ་བྱུང་ཞིང་། ཚང་མས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་ནི་དུས་རབས་གསར་པའི་བོད་ལྗོངས་བྱ་བར་མཛུབ་སྟོན་བྱེད་པའི་རྩ་འཛིན་རང་བཞིན་གྱི་ཡིག་ཆ་ཡིན་སྟབས་རྗེས་ཕྱོགས་ཀྱི་ལས་དོན་ལ་རྩ་བའི་གཞི་འཛིན་ས་འདོན་སྤྲོད་བྱས་ཡོད། གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་མོ་བྱེད་དགོས་པ་དང་། གནས་བབ་གསར་པ་དང་ལས་འགན་གསར་པ་ཡང་དག་པར་ཁོང་དུ་ཆུད་པ་བྱས་ཏེ།མཐུན་སྒྲིལ་དང་ཡར་བརྩོན་གྱིས་མཛེས་སྡུག་གི་སང་ཉིན་མཉམ་དུ་བསྐྲུན་དགོས། བོད་ལྗོངས་ཆབ་མདོ་གྲོང་ཁྱེར་གྱི་ཚོད་ལྟའི་སློབ་ཆུང་དུ་བསྐྱོད་པ་ན། སློབ་ཁྲིད་ཐོག་ཁང་གི་ཟུར་དུ་ཡོད་པའི་སློབ་གྲྭའི་ལོ་རྒྱུས་བཤམས་སྟོན་ཁང་གི་མདུན་དུ། བྱིས་པ་ཚོ་ཕར་འགྲོ་ཚུར་འོང་བྱེད་ཞོར་འགྲེམ་སྟོན་ལ་ལྟ་སྐོར་བྱེད་བཞིན་ཡོད། ཧ་ལམ་སྨི་གྲུ་བཞི་མ30ལྷག་ཙམ་ཡོད་པའི་བཤམས་སྟོན་ཁང་གི་ཀུན་གྱི་མཐོང་སར་དར་ཆ་ཞིག་བཤམས་ཡོད་ལ་བྱིས་པ་ཚོས་དེར་ལྟ་བཞིན་ཡོད་ཅིང་། རང་དབང་མེད་པར་གོས་དར་སྟེང་གི“ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་སོ་སོ་མཐུན་སྒྲིལ་ཤོག”ཅེས་པའི་ཚིག་དེ་ངག་ནས་སྐྱོར་བཞིན་འདུག

ཆབ་མདོ་གྲོང་ཁྱེར་གྱི་ཚོད་ལྟའི་སློབ་ཆུང་དེ་ནི་སྤྱི་ལོ1951ལོར་ཐོག་མར་བཙུགས་ཤིང་། ཀྲུང་གོ་གུང་ཁྲན་ཏང་གི་བོད་ལྗོངས་སུ་གསར་སྒྲུབ་བྱས་པའི་དེང་རབས་སློབ་གྲྭ་དང་པོ་རེད། སློབ་གཙོ་ལི་ཏུང་རུའེ་ཡིས་བཤད་རྒྱུར། ད་ལོ་ནི་ཆབ་མདོ་བཅིངས་འགྲོལ་བཏང་ནས་ལོ་ངོ70འགོར་བའི་ལོ་ཡིན་ལ། སང་ལོར་སློབ་གྲྭ་བཙུགས་ནས་ལོ་ངོ70འགོར་བའི་ཉིན་མོ་བསུ་རྒྱུ་ཡིན་པས། སློབ་གྲྭས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དོན་འཁྱོལ་བྱེད་དགོས་ལ། གསར་བརྗེའི་འགྲེམ་སྟོན་དང་འཛིན་གྲྭའི་ཚོགས་འདུ། གཏམ་རྒྱུད་ཚོགས་འདུ་སོགས་བྱ་འགུལ་རབ་དང་རིམ་པ་སྤེལ་བ་བརྒྱུད། རྒྱལ་གཅེས་རིང་ལུགས་ཀྱི་དགོངས་དོན་དེ་སློབ་གྲྭའི་སློབ་གསོའི་གོ་རིམ་ཡོངས་ལ་ཁྱབ་ཏུ་འཇུག་པ་དང་། ང་རང་ཀྲུང་ཧྭར་དགའ་བའི་ས་བོན་དེ་ལོ་ཆུང་གཞོན་ནུ་རེ་རེའི་སེམས་ཀྱི་གཏིང་ལ་སིམ་དུ་འཇུག་དགོས།

རྒྱལ་ཁབ་སྐྱོང་བར་ངེས་པར་མཐའ་མཚམས་སྐྱོང་དགོས་པ་དང་། མཐའ་མཚམས་སྐྱོང་བར་སྔོན་ལ་བོད་ལྗོངས་བརྟན་བརླིང་ཡོང་དགོས།

“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དུས་དང་རྣམ་པ་ཀུན་ཏུ་བོད་ལྗོངས་ཀྱི་བརྟན་བརླིང་དང་མི་རིགས་མཐུན་སྒྲིལ་ཐུགས་སུ་བཟུང་ཡོད་ལ།ང་ཚོའི་བྱ་བར་བླང་བྱ་སྔར་བས་མཐོན་པོ་དང་ལས་འགན་སྔར་བས་བྱེ་བྲག་བཏོན་ཡོད། ”བོད་ལྗོངས་མངའ་རིས་ས་ཁུལ་ཨུ་ཡོན་ལྷན་ཁང་གི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་རྒྱུན་ལས་པུའུ་ཀྲང་གཞོན་པ་འཇམ་དབྱངས་ཚེ་རིང་གིས་བསྟན་དོན། མངའ་རིས་ས་ཁུལ་ནི་མེས་རྒྱལ་གྱི་ལྷོ་ནུབ་མཐའ་མཚམས་སུ་གནས་ཡོད་པས། རྙོག་འཛིང་ལྡན་པའི་ཁ་བྲལ་ལ་ངོ་རྒོལ་འཐབ་འཛིང་བྱེད་པའི་གནས་བབ་དང་འཕྲད་ཡོད་སྟབས།དུས་རབས་གསར་པའི་ཏང་གི་བོད་ལྗོངས་ཐབས་ཇུས་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་དགོས། མེས་རྒྱལ་གཅིག་གྱུར་ཡོང་བར་སྲུང་སྐྱོང་དང་། མི་རིགས་མཐུན་སྒྲིལ་ཡོང་བར་ཤུགས་སྣོན་བྱེད་རྒྱུ་དེ་དམིགས་ས་དང་ཤུགས་འདོན་ས་བྱས་ཏེ། མངའ་རིས་ས་ཁུལ་གྱི་ཡུན་རིང་བདེ་འགོད་ལ་སྐུལ་འདེད་གཏོང་རྒྱུ་ཡིན།

བོད་ལྗོངས་ཀྱི་བྱ་བ་སྣ་ཚོགས་ལེགས་པོར་བསྒྲུབ་དགོས་ན། འགག་རྩ་ཏང་ལ་ཐུག་པ་དང་། མི་ལ་ཐུག་པ། ཏང་ཡོན་ལས་བྱེད་པ་བཅས་ལ་ཐུག་ཡོད།

སྟོན་མགོའི་བྱང་ཕྱོགས་སུ་དབྱར་གྱི་ཚ་བ་ད་དུང་ཡལ་མེད་མོད། འོན་ཀྱང་ཆ་སྙོམས་ཀྱིས་མཚོ་ངོས་ལས་མཐོ་ཚད་ལ་སྨི5000ལྷག་ཡོད་པའི་བོད་ལྗོངས་ནག་ཆུ་གྲོང་ཁྱེར་མཚེའུ་གཉིས་རྫོང་དུ། གྲང་རླུང་རུས་པར་ཟུག་པར་བྱེད། མཁའ་རླུང་ཁྲོད་དབྱང་དབུགས་འདུས་ཚད་ནང་ལོགས་ཀྱི40%ལས་མེད་ཅིང་། “མིའི་རིགས་ཀྱི་སྐྱེ་ཁམས་མཐའ་ཚད་ཚོད་ལྟ་བྱེད་ཡུལ”དུ་འབོད་པའི་ས་ཆ་འདི་རུ། ལས་བྱེད་པ་དང་ལས་བཟོ་པས་གནས་འདི་བརྟན་པོར་བསྲུངས་ནས། རང་ཉིད་ཀྱི་ལང་ཚོ་དང་སྟོབས་ཤུགས་འབུལ་བཞིན་ཡོད།

མཚེའུ་གཉིས་རྫོང་ཨུའི་ཧྲུའུ་ཅི་དབྱང་ཝུན་ཧྲེང་གིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་གནང་སྐབས་བོད་ལྗོངས་ཀྱི་ལས་བྱེད་པ་དང་ལས་བཟོ་པར་ཐུགས་ཁུར་ཟབ་མོ་གནང་བཞིན་ཡོད་པས་ང་ཚོས་རེ་བ་སྟོང་ཟད་དུ་མི་གཏོང་བར། བྱ་བའི་ཁྲོད་དབྱང་དབུགས་དཀོན་ཀྱང་སྙིང་སྟོབས་མི་ཉམས་པ་དང་། དཀའ་ཚེགས་ཆེ་ཡང་དཀའ་སྡུག་ལ་མི་སྐྲག་པ། མཚོ་ངོས་ལས་མཐོ་ཡང་གོ་རྟོགས་དེ་བས་ཀྱང་མཐོ་རུ་བཏང་ནས། “ལྷག་པར་དཀའ་སྡུག་མྱོང་ཐུབ་པ་དང་། ལྷག་པར་འཐབ་འཛིང་བྱེད་ཐུབ་པ། ལྷག་པར་བཟོད་བསྲན་བྱེད་ཐུབ་པ། ལྷག་པར་མཐུན་སྒྲིལ་བྱེད་ཐུབ་པ། ལྷག་པར་གསོལ་འབུལ་བྱེད་ཐུབ་པ”བཅས་ཀྱི“བོད་ལྗོངས་པ་རྒན་གྲས་ཀྱི་སྙིང་སྟོབས”ལ་དུས་རབས་ཀྱི་ནང་དོན་གསར་པ་མངོན་དུ་འཇུག་དགོས།

མཐུན་སྒྲིལ་དང་འབྱོར་ཕྱུག དཔལ་ཡོན། འཆམ་མཐུན། མཛེས་སྡུག་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པར་བོད་འབྲེལ་ལས་དོན་གྱི་གཙོ་གནད་གྲོང་ཁྱེར་དང་དཔུང་གཤིབ་མཉམ་སྐྱོད་བྱེད་པ་དང་། མཐུན་སྦྱོར་རམ་འདེགས་ལ་ཁ་འབྲལ་ཐབས་མེད།

ཡུན་ནན་ནི་བོད་འབྲེལ་ལས་དོན་གཙོ་གནད་གྲོང་ཁྱེར་གྲས་ཀྱི་གཅིག་ཡིན་ལ། བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་དུ་ཆགས་ཡོད་པའི་བདེ་ཆེན་རྫོང་ནི། ཡུན་ནན་ནས་བོད་ལྗོངས་སུ་བགྲོད་སའི་བྱང་གི་སྒོ་ཆེན་ཡིན། བདེ་ཆེན་རྫོང་གི་རྫོང་དཔོན་སྐལ་བཟང་རྣམ་རྒྱལ་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་ང་ཚོའི་བྱ་བར་ཁ་ཕྱོགས་གསལ་པོ་བསྟན་པས། ང་ཚོས་གོམ་གང་མདུན་སྤོས་སྒོས་བོད་ལྗོངས་དང་འདབས་འབྲེལ་བའི་ཁུལ་དང་རྫོང་གི་མཉམ་འབྲེལ་འཛུགས་སྐྲུན་ལ་ཤུགས་སྣོན་དགོས་ལ། མུ་མཐུད་དུ་དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱས་ཏེ། སྟོབས་ཤུགས་ཡོད་རྒུས་བདེ་འཇགས་དང་འཆམ་མཐུན་གྱི་སྤྱི་ཚོགས་ཁོར་ཡུག་བསྐྲུན་དགོས།

ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་མི་རིགས་གཅིག་ཀྱང་ཉུང་མི་རུང་། དབུལ་ཐར་གྲུབ་འབྲས་སྲ་བརྟན་དུ་བཏང་ནས་དགའ་སྐྱིད་ཀྱི་འཚོ་བ་རོལ་དུ་འཇུག་རྒྱུ་དེ་ནི། བོད་འབྲེལ་བྱ་བའི་སྤུས་ཚད་དང་གྲུབ་འབྲས་ལ་འབྲེལ་ཡོད།

སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གསེར་རྟ་རྫོང་རོགས་ཟ་གྲོང་གོང་མ་རུ་ཡོད་པའི་ལོ་རབས90རྗེས་སུ་སྐྱེས་པའི་སྡེ་སྡོད་ཧྲུའུ་ཅི་དང་པོ་བཀྲ་ཤིས་རྣམ་གྲོལ་ནི་ཉི་མ་རེ་རེར་འཕྲུལ་རྟར་བཞོན་ཏེ་སྡེ་བར་སོང་ནས་ཕྱུགས་ཟོག་ལ་དྲོད་ཁང་འདེམས་པ་དང་། མི་སྡོད་ཁོར་ཡུག་བཅོས་སྐྱོང་གི་ལས་དོན་སྤེལ་བ། གྲོང་གསེབ་ཡུལ་སྐོར་འཕེལ་རྒྱས་ཀྱི་འཆར་འགོད་བཟོ་བ་སོགས་ཀྱི་ལས་དོན་ལ་བྲེལ་བཞིན་འདུག

“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། དབུལ་ཐར་གྲུབ་འབྲས་སྲ་བརྟན་དུ་གཏོང་བའི་ཐད་ནུས་ཤུགས་སྔར་བས་ཆེན་པོ་འདོན་པ་དང་། ཐབས་ཤེས་དེ་བས་མང་པོ་འདོན་པ། རྗེས་མཐུད་རོགས་སྐྱོར་དང་རྒྱབ་སྐྱོར་སྔར་བས་མང་པོ་བྱས་ནས། གྲོང་གསེབ་དར་སྤེལ་གཏོང་རྒྱུ་དང་འབྲེལ་མཐུད་ཡག་པོ་བྱེད་དགོས། དེ་ནི་ཏག་ཏག་སྡེ་བའི་རྗེས་ཕྱོགས་ཀྱི་འབད་པ་བྱ་ཡུལ་ཡིན། ”བཀྲ་ཤིས་རྣམ་གྲོལ་གྱིས་བཤད་རྒྱུར། རོགས་ཟ་གྲོང་གོང་མར་སྤྲོ་སེམས་འཁོལ་བའི་སྐོར་བྲོ་དང་། སྐམས་ཤ ཕྱུར་བ་སོགས་ཀྱི་ཟས་སྣ་ཞིམ་པོ་ཡོད་ཅིང་། ཉེ་འཁོར་དུ་ད་དུང་ཉིན་ཡག་ཐང་བརླན་ས་ཡོད་པས་ང་ཚོས་ཁྱད་ལྡན་དགེ་མཚན་འདོན་སྤེལ་ལེགས་པོ་བྱེད་པ་དང་། ཡུལ་སྐོར་སྡེ་གསར་བསྐྲུན་ཏེ། སྡེ་དམངས་རྣམས་ཀྱི་འཚོ་བ་ཇེ་སྐྱིད་ནས་ཇེ་སྐྱིད་དུ་གཏོང་རྒྱུ་ཡིན།

སྲོག་ལྡན་གྱི་རྩྭ་རྩི་ཤིང་དང་རི་ཆུ་ཁྲི་སྟོང་ལེགས་པོར་བསྲུངས་ནས། སྔར་བས་མཛེས་སྡུག་ལྡན་པའི་མཚོ་བོད་མཐོ་སྒང་འཛུགས་སྐྲུན་བྱེད་དགོས།

མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཧོ་ནན་སོག་རིགས་རང་སྐྱོང་རྫོང་ནི་གཙང་གསུམ་འབྱུང་ཡུལ་སྲུང་སྐྱོབ་ཁུལ་གྱི་ཕང་བར་གནས་ཤིང་། ས་དེར་སོང་ཚེ། རྒྱང་རིང་ན་གངས་རི་ཀྲོང་ངེར་འགྱིང་ཞིང་ཚར་དུ་དངར་ལ་མིག་མདུན་དུ་ཆུ་བོ་ལྷུང་ལྷུང་བཞུར་བཞིན་ཡོད། ཡངས་ཤིང་རྒྱ་ཆེ་བའི་རྨ་ཁུགས་རྩྭ་ཐང་ནི་ལྗང་མདོག་གི་བལ་གདན་ལྗང་གུ་ཞིག་དང་མཚུངས་པར་རྨ་ཆུའི་འགྲམ་ངོགས་གཉིས་སུ་བཏིང་ཡོད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་ཡག་པོ་བྱེད་རྒྱུ་ནི་ཀྲུང་ཧྭ་མི་རིགས་ཀྱི་འཚོ་གནས་དང་འཕེལ་རྒྱས་ལ་བཞག་པའི་བྱས་རྗེས་ཆེ་ཤོས་ཡིན། རྫོང་དེའི་རྩྭ་ས་ཕྱོགས་བསྡུས་ཆེད་ལས་རུ་ཁག་གི་རུ་གཙོ་གཞོན་པ་མཁའ་འགྲོ་ཚེ་རིང་ལ་དེའི་ཕྱོགས་ཀྱི་མྱོང་བ་ཟབ་མོ་ལྡན་པས་ཁོས་བཤད་རྒྱུར། “མཐོ་སྒང་གི་ཕང་བར་གནས་པའི་གཙང་གསུམ་འབྱུང་ཡུལ་ནི་རང་རྒྱལ་གྱི་སྐྱེ་ཁམས་བདེ་འཇགས་བཀག་དངོས་གལ་ཆེན་ཞིག་ཡིན་ལ། གཙང་པོའི་མགོ་ཁུངས་སྲུང་བའི་ཡུལ་དངོས་དང་པོའི་ལས་དོན་སྒྲུབ་མཁན་ཞིག་ཡིན་པའི་ངོས་ནས། རྐང་འོག་གི་རྩྭ་དང་རྩི་ཤིང་སྲུང་སྐྱོབ་ཡག་པོ་བྱེད་པའི་དོན་སྙིང་ནི་སྐྱེ་ཁམས་སླར་གསོའི་གོམ་སྟབས་ཇེ་མགྱོགས་སུ་གཏོང་བ་ཁོ་ན་མ་ཡིན་པར། དེས་འབྲོག་པའི་ཁྱིམ་གཞིས་ཀྱི་འདུ་ཤེས་ལ་འབོད་སྐུལ་གཏོང་ཐུབ་ལ། མང་ཚོགས་ཀྱི་མཐུན་སྒྲིལ་དང་ཡར་བརྩོན་གྱི་སྟོབས་ཤུགས་སྔར་བས་གཅིག་སྡུད་བྱེད་ཐུབ”ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།