ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་དང་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིན་གྱིས་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ལོན་ནས་ལོ་ངོ75འཁོར་བར་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་མཁར་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2020-09-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ9བའི་ཚེས3ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིན་གཉིས་ཀྱིས་ཕན་ཚུན་ལ་གློག་འཕྲིན་བཏང་ནས། འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ལོན་ནས་ལོ་ངོ75འཁོར་བར་རྟེན་འབྲེལ་ཞུས། 

ཞི་ཅིན་ཕིང་གིས་རྟེན་འབྲེལ་ཞུ་བའི་གློག་འཕྲིན་ནང་བཤད་རྒྱུར།  ལོ་ངོ75སྔོན་གྱི་དེ་རིང་། ཀྲུང་གོའི་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་སུའུ་ལེན་གྱིས་འཇར་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་པ་དང་། འཛམ་གླིང་གིས་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་མཐའ་མའི་རྒྱལ་ཁ་ལོན་པ་ཁྱབ་བསྒྲགས་བྱས། ཨེ་ཤ་ཡ་དང་། ཡོ་རོབ། ཨ་ཧྥེ་རི་ཁ། རྒྱ་མཚོ་ཆེན་པོའི་གླིང་ཆེན་བཅས་སུ་ཁྱབ་པའི་དམག་འཁྲུག་དེའི་ནང་། རྒྱལ་ཁབ་སོ་སོའི་དམག་དཔུང་དང་མང་ཚོགས་ཤི་རྨས་བྱུང་ཚད་མི་དུང་ཕྱུར1ལས་བརྒལ་བ་དང་། དེར་མིའི་རིགས་ཀྱི་ལོ་རྒྱུས་ཐོག་ཆེས་ཡིད་སྐྱོ་བའི་རིན་དོད་བཏང་ཡོད། ཀྲུང་གོ་དང་ཨུ་རུ་སུ་ཕྱོགས་གཉིས་ནི་ཨེ་ཤ་ཡ་དང་ཡོ་རོབ་གླིང་གི་གཡུལ་ས་གཙོ་བོ་ཡིན་པས། འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ལོན་ཆེད་མི་རིགས་ཀྱི་བློས་གཏོང་ཆེན་པོ་འཁུར་ནས། སུབ་ཐབས་མེད་པའི་ལོ་རྒྱུས་རང་བཞིན་གྱི་བྱས་རྗེས་བཞག་ཡོད་ཅེས་བཤད།

  ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་དང་ཨུ་རུ་སི་གཉིས་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ལས་འགན་རྒྱུན་འཛིན་བྱེད་མཁན་གྱི་རྒྱལ་ཁབ་ཅིག་ཡིན་པས། འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ཀྱི་བྱ་གཞག་ལ་འགན་འཁྲི་གལ་ཆེན་འཁུར་ཡོད། ངས་མུ་མཐུད་དུ་ཁྱེད་དང་མཉམ་དུ་འབད་བརྩོན་བྱས་ཏེ། འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ལོན་ནས་ལོ་ངོ75འཁོར་བར་དྲན་གསོ་ཞུ་བའི་གོ་སྐབས་དང་བསྟུན་ནས། ཀྲུང་གོ་དང་ཨུ་རུ་སུ་རྒྱལ་ཁབ་གཉིས་ཀྱིས་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གཏིང་ཟབ་ཏུ་གཏོང་རྒྱུར་སྣེ་ཁྲིད་བྱས་ཏེ་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ། འཛམ་གླིང་འཁྲུག་ཆེན་གཉིས་པའི་རྒྱལ་ཁའི་གྲུབ་འབྲས་དང་། རྒྱལ་སྤྱིའི་དྲང་སྙོམས་དྲང་བདེན་བློ་རྩ་བརྟན་པོས་སྲུང་སྐྱོང་དང་། ཕྱོགས་མང་རིང་ལུགས་སྲུང་སྐྱོང་དང་ལག་ལེན་ཧུར་ཐག་བྱེད་དགོས། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་སྐུལ་འདེད་བཏང་ནས་ཕ་ཚ་བུ་རྒྱུད་ལ་ཡུན་རིང་ཞི་བདེ་དང་། ཡོངས་ཁྱབ་བདེ་འཇགས། ཐུན་མོང་དར་རྒྱས་བཅས་ཀྱི་འཛམ་གླིང་ལོངས་སྤྱོད་ཐུབ་པ་བྱེད་དགོས་ཞེས་བསྟན།

  ཕུའུ་ཅིན་གྱིས་རྟེན་འབྲེལ་ཞུ་བའི་གློག་འཕྲིན་ནང་བཤད་རྒྱུར།  འཛམ་གླིང་འཁྲུག་ཆེན་གཉིས་པ་ནི་མིའི་རིགས་ཀྱི་ལོ་རྒྱུས་ཐོག་ཡ་ང་བའི་སྐྱོ་གར་ཞིག་རེད། སུའུ་ལེན་དང་ཀྲུང་གོ་ནི་ཧྥ་ཤི་སི་རིང་ལུགས་དང་དམག་རྒྱལ་རིང་ལུགས་ལ་འགོག་རྒོལ་བྱེད་པའི་གཡུལ་ས་གཙོ་བོ་ཡིན་པས། བཙན་འཛུལ་པ་ལས་རྣམ་པར་རྒྱལ་བར་མི་རིགས་ཀྱི་བློས་གཏོང་ཆེན་པོ་བྱས་ཡོད། དཀའ་སྤྱད་ཚད་མེད་ཀྱི་དམག་འཁྲུག་དེའི་ནང་ང་ཚོའི་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་འཐབ་འཛིང་གི་མཛའ་བཤེས་ཟབ་མོ་ཆགས་ཡོད། ད་ལྟ། རོགས་རེས་ཀྱི་སྙིང་སྟོབས་དེ་རིགས་རྒྱུན་ཆད་མེད་པར་དར་རྒྱས་གོང་འཕེལ་བྱུང་ནས་ཨུ་རུ་སུ་དང་ཀྲུང་གོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད། འཛམ་གླིང་འཁྲུག་ཆེན་གཉིས་པའི་ལོ་རྒྱུས་ཀྱི་གནས་ཚུལ་དངོས་སྲུང་སྐྱོང་བྱ་རྒྱུ་ནི་ང་ཚོའི་ཐུན་མོང་གི་འགན་འཁྲི་ཡིན་ལ། ལོ་རྒྱུས་འཁྱོག་བཤད་དང་།  ན་ཙིར་མཛེས་བཟོ་བྱེད་མཁན། དམག་རྒྱལ་རིང་ལུགས་པ་དང་དེའི་ངན་རོགས་བཅས་ཀྱི་སྤྱོད་པ་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱ་དགོས་པ་དང་། བཅིངས་འགྲོལ་གཏོང་མཁན་གྱི་མཛད་རྗེས་གཏན་ནས་བརྗེད་དུ་འཇུག་མི་རུང་ལ་ཐ་ན་དམའ་འབེབས་ཀྱང་བྱེད་མི་རུང་། འཛམ་གླིང་འཁྲུག་ཆེན་གཉིས་པའི་མཇུག་འབྲས་ཁས་མི་ལེན་པ་གཏན་ནས་བྱེད་མི་རུང་། ཨུ་རུ་སུ་ཕྱོགས་ཀྱིས་མཛའ་མཐུན་གྱི་ཀྲུང་གོ་དང་མཉམ་དུ་འབད་བརྩོན་ཆེན་པོ་བྱེད་འདོད་ཡོད། དམག་འཁྲུག་དང་འཁྲུག་རྩོད་སྔོན་འགོག་བྱས་ནས་འཛམ་གླིང་ཡོངས་ཀྱི་བརྟན་འཇགས་དང་བདེ་འཇགས་ལ་སྲུང་སྐྱོབ་བྱེད་དགོས་ཞེས་བཤད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།