ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་མུས་ཡུན་ཆུ་མཛོད་འཛུགས་སྐྲུན་དང་གཏན་སྲུང་བྱེད་པའི་ཡུལ་མི་རྣམས་ལ་འཕྲིན་ལན་བསྐུར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-09-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མུས་ཡུན་ཆུ་མཛོད་ལས་ནས་ལོ་ངོ་དྲུག་ཅུ་འགོར་བའི་སྐབས་སུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ་བརྒྱད་པའི་ཚེས་སུམ་ཅུའི་ཉིན་མུས་ཡུན་ཆུ་མཛོད་འཛུགས་སྐྲུན་དང་གཏན་སྲུང་བྱེད་པའི་ཡུལ་མི་རྣམས་ལ་འཕྲིན་ལན་བསྐུར་ནས། ཁོ་ཚོར་ལྷག་བསམ་རྣམ་དག་གིས་འཚམས་འདྲི་དང་སྐུལ་མ་བཏང་བར་མ་ཟད་རེ་བ་ཆེན་པོ་བཏོན། 

ཞི་ཅིན་ཕིང་གིས་འཕྲིན་ལན་ནང་གསུང་དོན། ལོ་ངོ་དྲུག་ཅུའི་ཡར་སྔོན། ཁྱོད་ཚོས་ཏང་ཀྲུང་དབྱང་གི་འབོད་སྐུལ་དང་དུ་བླངས་ཤིང་། མུས་ཡུན་ཆུ་མཛོད་འཛུགས་སྐྲུན་བྱེད་པའི་བྱ་བའི་ཁྲོད་དུ་ཞུགས། ལོ་ངོ་དྲུག་ཅུའི་རིང་ལ། ཁྱོད་ཚོས་ཆུ་མཛོད་ལ་སྲུང་སྐྱོབ་བྱེད་ཆེད། བཟོ་གྲྭའི་སྒོ་བརྒྱབ་པ་དང་། གཏེར་ཁའི་སྒོ་བརྒྱབ་ནས། རྒྱལ་སའི་སྐྱེ་ཁམས་ཁོར་ཡུག་ལེགས་བཅོས་བྱེད་པའི་ཐད་བྱས་རྗེས་གལ་ཆེན་བཞག་ཡོད། ཁྱོད་ཚོས་རི་ཆུ་མཛེས་པའི་ཁྱད་སྟོབས་འདོན་སྤེལ་བྱས་ཏེ་འཚོ་བ་སྔར་ལས་བདེ་སྐྱིད་ལྡན་པ་ཤེས་རྗེས་ང་རང་དགའ་སྤྲོ་ཆེན་པོ་སྐྱེས་ཡོད་ཅེས་གསུངས། 

ཞི་ཅིན་ཕིང་གིས་བསྟན་དོན། སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱ་བ་དེ་དེང་སྐབས་དང་མ་འོངས་གང་ལའང་ཕན་ཐོགས་ཆེ་བ་ཡིན། པེ་ཅིང་གི་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ་ཁྲི་གཅིག་ལྷག་གི་རི་ཁུལ་ནི་རྒྱལ་སའི་སྐྱེ་ཁམས་འགོག་སྒྲིབ་དང་ཆུ་ཁུངས་སྲུང་སྐྱོབ་ས་ཁུལ་ཡིན་པས་འཐབ་ཇུས་གོ་གནས་ཧ་ཅང་གལ་ཆེན་ཡིན་པས། བདག་གིས་ནམ་རྒྱུན་མུས་ཡུན་ཆུ་མཛོད་ཡིད་ནས་དོར་མྱོང་མེད། སྔོན་ཆད་མུས་ཡུན་ཆུ་མཛོད་འཛུགས་སྐྲུན་བྱས་པ་ནི་ཆུ་ལོག་འགོག་པའི་ཆེད་ཡིན་པ་དང་། ད་ལྟ་པེ་ཅིང་གི་འཐུང་ཆུའི་ཆུ་ཁུངས་གཙོ་བོ་དང་ཆུའི་ཐོན་ཁུངས་འཐབ་ཇུས་ཀྱི་གསོག་ཉར་རྟེན་གཞི་ཡིན་ལ། རིན་ཐང་གཞལ་དུ་མེད་པའི་ནོར་བུ་ལྟ་བུར་གྱུར་ཡོད། ཁྱོད་ཚོས་ཡང་འབད་བསྐྱར་འབད་བྱས་ཏེ་མུ་མཐུད་དུ་མུས་ཡུན་ཆུ་མཛོད་ལ་སྲུང་སྐྱོབ་བྱས་ཏེ། མཛེས་སྡུག་གི་པེ་ཅིང་འཛུགས་སྐྲུན་བྱེད་པར་བྱས་རྗེས་གསར་བ་འཇོག་དགོས་པའི་རེ་བ་བཏོན། 

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་གཏིང་ཟབ་ཏུ་ལག་ལེན་བྱེད་པ་དང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དེ་འཐབ་ཇུས་རང་བཞིན་གྱི་ལས་འགན་དུ་དམ་འཛིན་བྱས་ཤིང་། སྐྱེ་ཁམས་གཙོར་འཛིན་དང་ལྷད་མེད་འཕེལ་རྒྱས་རྒྱུན་འཁྱོངས་བྱས་ཏེ། སྐྱེ་ཁམས་ཀྱི་བཅུད་འདུས་ས་ཁུལ་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་པ་དང་། སྐྱེ་ཁམས་ཁ་གསབ་རྐྱེན་སྲོལ་འཐུས་ཚང་དུ་བཏང་ནས། མཉམ་དུ་མེས་རྒྱལ་གྱི་རི་སྔོ་ཆུ་དྭངས་ལ་སྲུང་སྐྱོབ་བཟང་བོ་བྱེད་དགོས་ཞེས་གསུངས། 

གཅིག་སྟོང་དགུ་བརྒྱ་ང་བརྒྱད་ལོར། ཁྲའོ་པེ་ཆུ་བོའི་ཆུ་ལོག་འགོག་པ་དང་པེ་ཅིང་དང་ཐེན་ཅིན་ས་ཁུལ་གྱི་ཆུ་དཀོན་པའི་གནད་དོན་ཐག་གཅོད་བྱེད་ཆེད། པེ་ཅིང་དང་ཐེན་ཅིན། ཧི་པེ་བཅས་བཅས་ཀྱི་མི་འབུམ་གཉིས་ལྷག་གིས་ཡན་ཧྲན་རི་བོའི་འདབས་རོལ་ནས་མུས་ཡུན་ཆུ་མཛོད་ལས་ཏེ། ལོ་གཅིག་ལ་ཆུ་ལོག་འགོག་པ་དང་ལོ་གཉིས་ཀྱིས་ཡོངས་འགྲུབ་བྱེད་པའི་དམིགས་འབེན་མངོན་འགྱུར་བྱས། 

གཅིག་སྟོང་དགུ་བརྒྱ་དྲུག་ཅུའི་ལོར་ལེགས་འགྲུབ་བྱུང་རྗེས། མུས་ཡུན་ཆུ་མཛོད་ཀྱིས་ཆུ་ལོག་འགོག་པ་དང་། ཞིང་སར་ཆུ་གཏོང་བ། གྲོང་ཁྱེར་ལ་ཆུ་འདོན་སྤྲོད་བྱེད་པ། གློག་འདོན་སོགས་ཀྱི་བྱེད་ནུས་འདོན་སྤེལ་བྱས། གཅིག་སྟོང་དགུ་བརྒྱ་གྱ་ལྔ་ལོར་གཙོ་བོ་རྒྱལ་སར་འཚོ་བའི་འཐུང་ཆུ་འདོན་སྤྲོད་བྱེད་པར་བསྒྱུར། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། པེ་ཅིང་གྲོང་ཁྱེར་དང་མུས་ཡུན་ས་ཁུལ་གྱིས་རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ལས་ལྷག་པའི་འཕེལ་རྒྱས་འདུ་ཤེས་རྒྱུན་འཁྱོངས་དང་ལག་ལེན་བྱས་ཤིང་། རྒྱུན་ཆད་མེད་པར་ཆུ་སྲུང་རྐྱེན་སྲོལ་གྱི་བྱེད་ཐབས་གསར་གཏོད་དང་འཐུས་ཚང་དུ་བཏང་བ་དང་། ཕྱོགས་ཡོངས་ནས་དོ་དམ་ཚོད་འཛིན་དང་སྲུང་སྐྱོབ་བྱ་བ་ལག་བསྟར་བྱས་ཏེ། རྒྱལ་སའི་ཆུ་ཁུངས་བདེ་འཇགས་ལ་འགན་སྲུང་བྱས། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།