ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་པེ་ཅིང་དུ་འཚོགས་པ་དང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཚོགས་འདུར་ཞུགས་པ་མ་ཟད་གསུང་བཤད་གལ་ཆེན་གནང་བ།

ཡོང་ཁུངས། : ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།     སྤེལ་དུས། : 2020-08-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

3d83f42a5a39090f64204d5653cf2700.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཟླ་8པའི་ཚེས་28ནས་29ཉིན་བར་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་པེ་ཅིང་དུ་འཚོགས་ཡོད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཚོགས་འདུར་ཞུགས་པ་མ་ཟད་གསུང་བཤད་གལ་ཆེན་གནང་ཡོད། ཞི་ཅིན་ཕིང་གིས། དུས་བབ་གསར་པ་དང་ལས་འགན་གསར་པའི་མདུན་དུ། ངེས་པར་དུ་སྒོ་ཀུན་ནས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་འཐབ་ཇུས་ལག་བསྟར་བྱེད་དགོས་པ་དང་། གནས་ལྔ་གཞི་གཅིག་གི་སྤྱིའི་བཀོད་སྒྲིག་ལ་གཅིག་གྱུར་ཐོག་སྐུལ་འདེད་གཏོང་རྒྱུ་དང་ཁྱོན་ཡོངས་བཞིའི་འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་དགོས་པ། བརྟན་པོའི་ཁྲོད་ཡར་རྒྱས་ཡོང་བ་བྱེད་པའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་བྱེད་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་མ་ལག་གི་འདུ་ཤེས་བརྟན་པོ་འཛུགས་པ། གོང་འཕེལ་གྱི་སྤུས་ཚད་མཐོ་རུ་གཏོང་བ། དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱེད་པ། འབྱུང་ཁམས་དཔལ་ཡོན་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ། ཏང་གི་རྩ་འཛུགས་དང་སྲིད་དབང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། རྒྱལ་ཁབ་ཀྱི་བདེ་འཇགས་དང་ཡུན་རིང་བདེ་འཁོད་ལ་འགན་སྲུང་དང་། མི་དམངས་ཀྱི་འཚོ་བའི་ཆུ་ཚད་རྒྱུན་མཐུད་ངང་མཐོ་རུ་འགྲོ་རྒྱུར་འགན་སྲུང་། འབྱུང་ཁམས་ཁོར་ཡུག་ལེགས་སུ་འགྲོ་རྒྱུར་འགན་སྲུང་། མཐའ་མཚམས་བརྟན་པོ་དང་མཐའ་མཚམས་བདེ་འཇགས་ཡོང་རྒྱུར་འགན་སྲུང་བཅས་བྱས་ཐོག མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ཀྱིས་ཕྱུག་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཞིག་འབད་པ་ཆེན་པོས་འཛུགས་སྐྲུན་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།

5d86e575fbc065a456f3afa2a9ee96bc.jpg

ལི་ཁེ་ཆང་གིས་ཚོགས་འདུ་གཙོ་སྐྱོང་གནང་ཡོད། ལི་ཀྲན་ཧྲུའུ་དང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་བཅས་ཚོགས་འདུར་ཞུགས་ཡོད། ཝང་དབྱང་གིས་ཕྱོགས་བསྡོམས་གསུང་བཤད་གནང་ཡོད།

ཞི་ཅིན་ཕིང་གིས་གསུང་བཤད་གནང་སྐབས། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་འཚོགས་ཚུན། ཏང་ཀྲུང་དབྱང་གི་སྟོབས་ཆེའི་འགོ་ཁྲིད་འོག་དང་། རྒྱལ་ཡོངས་མི་དམངས་ཀྱི་ཤུགས་ཆེའི་རྒྱབ་སྐྱོར་འོག བོད་ལྗོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ནས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་། དཀའ་སྤྱད་འབད་འཐབ་བྱས་ནས་དུས་ཡུན་རིང་པོའི་རིང་ཐག་གཅོད་བྱེད་དགོས་བསམ་རུང་ཐག་གཅོད་མ་ཐུབ་པའི་དཀའ་གནད་མང་པོ་ཐག་གཅོད་བྱས་ཡོད་ལ། དུས་ཡུན་རིང་པོའི་ནང་བསྒྲུབ་དགོས་བསམ་རུང་བསྒྲུབ་མ་ཐུབ་པའི་དོན་ཆེན་མང་པོ་ཞིག་བསྒྲུབས་ཡོད་པས། བྱ་གཞག་ཁག་ལ་ཕྱོགས་ཡོངས་ནས་འཕེལ་རྒྱས་ཆེན་པོ་བྱུང་བ་མ་ཟད་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཀྱང་ཐོབ་ཡོད། ལག་ལེན་དངོས་ལས་ར་སྤྲོད་བྱས་པར། ཏང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་མཛད་ཕྱོགས་སྲིད་ཇུས་ནི་རྦད་དེ་ཡང་དག་ཡིན་པ་དང་། བོད་ལྗོངས་ཡུན་རིང་བརྟན་ལྷིང་དང་གོང་འཕེལ་མྱུར་པོ་བྱུང་བ་དེས་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གྱི་གནས་བབ་ཧྲིལ་པོར་ལེགས་སྐྱེས་གལ་ཆེན་ཕུལ་ཡོད་ཅེས་བསྟན་འདུག ཞི་ཅིན་ཕིང་གིས་ཏང་ཀྲུང་དབྱང་གི་སྐུ་ཚབ་ཞུས་ནས་གངས་ལྗོངས་ས་མཐོར་དཀའ་སྤྱད་འབད་འཐབ་གནང་བཞིན་པའི་རྒྱ་ཆེའི་བློ་མཐུན་རྣམས་དང་། ལྷག་པར་དུ་འཐབ་ས་དང་པོ་བརྟན་སྲུང་དང་འཐབ་ས་དང་པོར་ཞབས་ཞུ་སྒྲུབ་བཞིན་པའི་རྒྱ་ཆེའི་ལས་བྱེད་མང་ཚོགས་ཚོར་ལྷག་བསམ་དག་པའི་འཚམས་འདྲི་ཡང་ཞུས་གནང་ཡོད་པ་རེད།

ཞི་ཅིན་ཕིང་གིས། ཏང་ཀྲུང་དབྱང་གིས་སྔར་ནས་བཟུང་བོད་ལྗོངས་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་གི་ཡོད་པ་དང་། བསྒྱུར་བཅོས་སྒོ་དབྱེ་བྱས་ཚུན་སྔ་རྗེས་སུ་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་འཚོགས་ཡོད་ཅིང་། རྟག་ཏུ་དོན་དངོས་ཀྱི་གནས་ཚུལ་ལ་གཞིགས་ནས་ཇུས་འགོད་གལ་ཆེན་གནང་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བོད་ལྗོངས་ཀྱི་ལས་དོན་ལ་འཕྲད་པའི་དུས་བབ་དང་ལས་འགན་ལ་འགྱུར་བ་གཏིང་ཟབ་ཕྱིན་ཡོད། ང་ཚོས་བོད་ལྗོངས་ལས་དོན་གྱི་ཆོས་ཉིད་རང་བཞིན་ལ་ངོས་འཛིན་གཏིང་ཟབ་བྱེད་པ་དང་།  ཏང་གིས་མི་དམངས་ཀྱི་སྣེ་ཁྲིད་དེ་བོད་ལྗོངས་བཅོས་སྐྱོང་བྱས་པ་དང་། བོད་ལྗོངས་བརྟན་ལྷིང་ཡོང་བ་བྱས་པ། བོད་ལྗོངས་དར་རྒྱས་ཡོང་བ་བྱས་པ་བཅས་ཀྱི་ལེགས་གྲུབ་ལྡན་པའི་ཉམས་མྱོང་ཕྱོགས་བསྡོམས་བྱས་ཏེ། དུས་རབས་གསར་པའི་ཏང་གི་བོད་སྐྱོང་འཐབ་ཇུས་གྲུབ་པ་བྱས་ཡོད། བོད་ལྗོངས་ཀྱི་ལས་དོན་ཡག་པོ་བསྒྲུབ་པར། ངེས་པར་དུ་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་བཅས་རྒྱུན་འཁྱོངས་བྱེད་པ་དང་། ངེས་པར་དུ་རྒྱལ་ཁབ་སྐྱོང་བར་སྔོན་ལ་མཐའ་མཚམས་སྐྱོང་བ་དང་། མཐའ་མཚམས་སྐྱོང་བར་སྔོན་ལ་བོད་ལྗོངས་བརྟན་ལྷིང་ཡོང་བ་བྱེད་པའི་འཐབ་ཇུས་དགོངས་པ་རྒྱུན་འཁྱོངས་བྱེད་དགོས་པ། ངེས་པར་དུ་མེས་རྒྱལ་གོང་བུ་གཅིག་གྱུར་ལ་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུ་དེ་བོད་ལྗོངས་ལས་དོན་གྱི་གཞི་འཛིན་ས་དང་ཤུགས་སྣོན་རྒྱག་སར་བརྩི་རྒྱུ་རྒྱུན་འཁྱོངས་བྱེད་པ། ངེས་པར་དུ་ཁྲིམས་ལྟར་བོད་ལྗོངས་སྐྱོང་བ་དང་། དམངས་ཕྱུག་བོད་དར། ཡུན་རིང་བོད་ལྗོངས་འཛུགས་སྐྲུན། མི་སེམས་གཅིག་སྒྲིལ། རྨང་གཞི་བརྟན་གཏོང་བཅས་ཀྱི་གལ་ཆེའི་རྩ་དོན་རྒྱུན་འཁྱོངས་བྱེད་པ། ངེས་པར་དུ་རྒྱལ་ནང་དང་རྒྱལ་སྤྱིའི་གནས་བབ་ཆེན་པོ་གཉིས་ལ་གཅིག་གྱུར་འཆར་འགོད་བྱེད་དགོས་པ། ངེས་པར་དུ་དམངས་འཚོ་ལེགས་བཅོས་དང་། མི་སེམས་གཅིག་སྒྲིལ་བྱ་རྒྱུ་དེ་དཔལ་འབྱོར་དང་སྤྱི་ཚོགས་གོང་སྤེལ་གྱི་ཐོག་མའི་ཀུན་སློང་དང་། མཐར་ཐུག་དམིགས་འབེན་དུ་བརྩི་དགོས་པ། ངེས་པར་དུ་མི་རིགས་ཁག་བར་གྱི་འགྲོ་འོང་དང་སྤེལ་རེས་མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བ། ངེས་པར་དུ་རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་དང་ཁྲིམས་ལྟར་ཆོས་ལུགས་བྱ་དོན་ལ་དོ་དམ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། ངེས་པར་དུ་འབྱུང་ཁམས་སྲུང་སྐྱོང་ཨང་དང་པོར་འཇོག་རྒྱུ་རྒྱུན་འཁྱོངས་བྱེད་པ། ངེས་པར་དུ་ཏང་གི་འཛུགས་སྐྱོང་དང་ལྷག་པར་དུ་ཆབ་སྲིད་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱེད་དགོས། དུས་རབས་གསར་པའི་ཏང་གི་བོད་སྐྱོང་འཐབ་ཇུས་ནི་བོད་ལྗོངས་ཀྱི་ལས་དོན་ཡག་པོ་སྒྲུབ་པའི་རྩ་བའི་གཞི་འཛིན་ས་ཡིན་པས། ངེས་པར་དུ་ཡུན་རིང་རྒྱུན་འཁྱོངས་བྱེད་པ་དང་། ཕྱོགས་ཡོངས་ནས་དོན་འཁྱོལ་ཡོང་བ་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།

ཞི་ཅིན་ཕིང་གིས། བོད་ཀྱི་ལས་དོན་གྱིས་ངེས་པར་དུ་མེས་རྒྱལ་གོང་བུ་གཅིག་གྱུར་ལ་སྲུང་སྐྱོབ་དང་། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུ་དེ་གཞི་འཛིན་ས་དང་ཤུགས་འདོན་སར་བརྩི་དགོས། མང་ཚོགས་ལ་སློབ་གསོ་དང་ཁྲིད་སྟོན་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། མང་ཚོགས་ཁ་བྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ནང་ཞུགས་རྒྱུར་སྐུལ་སློང་རྒྱ་ཁྱབ་བྱས་ནས། བརྟན་ལྷིང་ལ་སྲུང་སྐྱོང་བྱེད་པའི་སྲ་བརྟན་མཁར་གྱང་ཆགས་པ་བྱ་དགོས། ཏང་གི་ལོ་རྒྱུས་དང་། ཀྲུང་གོ་གསར་པའི་ལོ་རྒྱུས། བསྒྱུར་བཅོས་སྒོ་དབྱེའི་ལོ་རྒྱུས། སྤྱི་ཚོགས་རིང་ལུགས་གོང་འཕེལ་ལོ་རྒྱུས་བཅས་ཀྱི་སློབ་གསོ་གཏིང་ཟབ་སྤེལ་བ་དང་། བོད་ས་གནས་དང་མེས་རྒྱལ་གྱི་འབྲེལ་བའི་ལོ་རྒྱུས་སློབ་གསོ་གཏིང་ཟབ་སྤེལ་ནས། མི་རིགས་ཁག་གི་མང་ཚོགས་ལ་ཡང་དག་པའི་རྒྱལ་ཁབ་ལྟ་བ་དང་། ལོ་རྒྱུས་ལྟ་བ། མི་རིགས་ལྟ་བ། རིག་གནས་ལྟ་བ། ཆོས་ལུགས་ལྟ་བ་བཅས་འཛུགས་རྒྱུར་ཁྲིད་སྟོན་བྱ་དགོས། སློབ་གྲྭའི་ནང་གི་བསམ་བློ་ཆབ་སྲིད་སློབ་གསོར་ཤུགས་སྣོན་རྒྱག་རྒྱུར་མཐོང་ཆེན་བྱེད་པ་དང་། རྒྱལ་གཅེས་རིང་ལུགས་སྙིང་སྟོབས་དེ་རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭའི་སློབ་གསོའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་བྱས་ནས། ང་ཡི་ཀྲུང་ཧྭ་ལ་གཅེས་པའི་ས་བོན་དེ་གཞོན་ནུ་ལོ་ཆུང་མི་རེ་ངོ་རེའི་བསམ་བློའི་གཏིང་དུ་ཟུག་པ་བྱ་དགོས། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་གསོ་སྐྱོང་དང་ལག་ལེན་བྱས་ནས། མི་རིགས་ཁག་གི་མང་ཚོགས་ཀྱིས་རླབས་ཆེན་མེས་རྒྱལ་དང་། ཀྲུང་ཧྭ་མི་རིགས། ཀྲུང་ཧྭ་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བཅས་ལ་འཛིན་པའི་ངོས་འཛིན་གཅིག་མཐུན་ཟམ་མི་ཆད་པར་ཤུགས་ཆེར་གཏོང་དགོས། བོད་ཀྱིས་གནའ་ནས་བཟུང་མི་རིགས་ཁག་དང་འགྲོ་འོང་དང་། སྤེལ་རེས། མཉས་འདྲེས་བཅས་བྱས་པའི་ལོ་རྒྱུས་དོན་དངོས་སྔོག་འདོན་དང་། ལེགས་སྒྲིག དྲིལ་བསྒྲགས་བཅས་བྱེད་པ་དང་། མི་རིགས་ཁག་གི་མང་ཚོགས་ནས་མི་རིགས་ཀྱི་འཕེལ་ཕྱོགས་དང་འབྱུང་འགྱུར་མཐོང་བ་དང་། ཀྲུང་ཧྭ་མི་རིགས་ནི་ལས་དབང་གཅིག་མཐུན་མ་ལག་ཡིན་པར་ངོས་འཛིན་གཏིང་ཟབ་ཐུབ་རྒྱུར་ཁྲིད་སྟོན་བྱས་ནས། མི་རིགས་ཁག་བར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བྱ་རྒྱུར་སྐུལ་འདེད་གཏོང་དགོས། བོད་བརྒྱུད་ནང་བསྟན་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཆམ་མཐུན་ཡོང་བ་བྱ་རྒྱུར་ཁྲིད་སྟོན་གང་ལེགས་བྱས་ནས། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས་ཞེས་བསྟན་གནང་ཡོད།

ཞི་ཅིན་ཕིང་གིས། གོང་འཕེལ་གྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ་དང་། གོང་འཕེལ་དོ་སྙོམས་མེད་པ་དང་ཆ་མི་ཚང་བའི་གནད་དོན་ལ་དམིགས་ནས། གོང་འཕེལ་གནས་བབ་ལེགས་སྒྱུར་བྱེད་པས་ནས་འགོ་འཛུགས་པ་དང་། རྒྱུ་ཆ་དང་སྒྲིག་བཀོད་འཛུགས་སྐྲུན་གྱིས་འདེགས་སྐྱོར་བྱེད་པ། ལམ་ལུགས་སྒྲིག་གཞིས་འགན་སྲུང་བྱེད་པ། གཅིག་གྱུར་གྱིས་འཆར་འགོད་བྱེད་པ། རིགས་དབྱེ་ནས་ཐབས་ཇུས་འདོན་པ། གནད་འཕིགས་ནུས་ཤུགས་འདོན་པ་བཅས་བྱས་ནས། སྤུས་ཚད་མཐོ་བའི་གོང་འཕེལ་ལ་སྐུལ་འདེད་མགྱོགས་མྱུར་གཏོང་དགོས། དབུལ་སྒྲོལ་གྲུབ་འབྲས་སྲ་བརྟན་དུ་གཏོང་བའི་ཐད་ནུས་ཤུགས་སྔར་བས་ཆེ་བ་འདོན་པ་དང་། ཐབས་ཤེས་དེ་བས་མང་བ་འདོན་པ། རྗེས་མཐུད་རོགས་སྐྱོར་དང་རྒྱབ་སྐྱོར་དེ་བས་མང་བ་བྱ་དགོས། གྲོང་གསེབ་དར་རྒྱས་གཏོང་རྒྱུ་དང་སྦྲེལ་མཐུད་ཡག་པོ་བྱེད་པ་དང་། ལྷག་པར་དུ་རྒྱུན་ལྡན་འཚོ་བ་དང་འབྲེལ་བ་དམ་ཟབ་ཡོད་པའི་འགྲིམ་འགྲུལ་སྒྲིག་བཀོད་དང་། སྨན་བསྟེན་སློབ་ཞུགས། རྒན་གསོ་དང་སྤྱི་ཚོགས་འགན་ལེན་སོགས་ཚང་མར་ཁྱབ་པ་བྱ་དགོས། ཁྲོན་བོད་ལྕགས་ལམ་འཛུགས་སྐྲུན་སོགས་ཀྱི་རྣམ་གྲངས་ལ་དམིགས་ནས། གཙོ་གནད་རྨང་གཞིའི་སྒྲིག་བཀོད་དང་། སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་ཁག་གཅིག་འཛུགས་སྐྲུན་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། མཐུན་སྒྲིལ་ལམ་དང་། བདེ་སྐྱིད་ལམ་སྔར་བས་མང་བ་འཛུགས་སྐྲུན་བྱ་དགོས། ལས་ཞུགས་ནུས་པ་གསོ་སྤེལ་དང་། རོགས་སྐྱོར། བསྡུ་ལེན་བཅས་བྱས་ནས། ལས་ཞུགས་གོ་སྐབས་སྔར་བས་མང་བ་མཁོ་འདོན་བྱེད་པ་དང་། ཐབས་ལམ་མང་བའི་ཁྲོམ་རའི་ལས་ཞུགས་ལ་སྐུལ་འདེད་གཏོང་དགོས།  རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པ་དང་། ཞིང་ལས་གསོ་རིག་སོགས་ཤེས་ལྡན་མི་སྣ་དཀོན་རིགས་གསོ་སྐྱོང་སྔར་བས་མང་བ་བྱེད་པ་དང་། དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་དང་འབྱུང་འགྱུར་ཁྲོམ་རའི་དགོས་མཁོར་གཞིགས་ནས་ལས་རིགས་སློབ་གསོ་ཡག་པོ་གཉེར་བ་དང་། ཚན་རིག་དང་མཐུན་པའི་སློབ་ཚན་བཀོད་སྒྲིག་བྱེད་པ། བང་རིམ་དང་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ནས། ཆེད་ལས་ལག་རྩལ་ལྡན་པའི་གོ་ཆོད་ཤེས་ལྡན་མི་སྣ་སྔར་བས་མང་བ་གསོ་སྐྱོང་བྱ་དགོས་ཞེས་ནན་སྟོན་གནང་ཡོད།

ཞི་ཅིན་ཕིང་གིས། མཚོ་བོད་ས་མཐོའི་འབྱུང་ཁམས་སྲུང་སྐྱོང་ཡག་པོ་བྱེད་པ་ནི་ཀྲུང་ཧྭ་མི་རིགས་འཚོ་གནས་དང་གོང་འཕེལ་ལ་ལེགས་སྐྱེས་ཆེ་ཤོས་ཕུལ་བ་ཞིག་རེད། སྔོ་ལྗང་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོ་བཙུགས་ནས། ལོ་རྒྱུས་ལ་འགན་འཁུར་བ་དང་། མི་དམངས་ལ་འགན་འཁུར་བ། འཛམ་གླིང་ལ་འགན་འཁུར་བ་བཅས་ཀྱི་རྣམ་འགྱུར་རྒྱུན་འཁྱོངས་བྱས་ཐོག འབྱུང་ཁམས་དཔལ་ཡོན་འཛུགས་སྐྱོང་བྱ་རྒྱུ་དེ་སྔར་བས་མངོན་གསལ་དོད་པའི་གནས་སུ་འཇོག་པ་དང་། ས་མཐོའི་སྲོག་ཆགས་དང་རྩྭ་རྩི་ཤིང་། རི་ཆུ་ཀླུང་གསུམ་སོགས་ལ་སྲུང་སྐྱོང་ཡག་པོ་བྱས་ནས། མཚོ་བོད་ས་མཐོ་འདི་ཉིད་རྒྱལ་ཡོངས་དང་ཐ་ན་རྒྱལ་སྤྱིའི་འབྱུང་ཁམས་ཤེས་དཔལ་གྱི་མཐོ་ས་ཞིག་ཏུ་བསྐྲུན་དགོས། མཚོ་བོད་ས་མཐོའི་ཚན་རིག་རྟོག་ཞིབ་ལས་དོན་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་ཁོར་ཡུག་འགྱུར་ལྡོག་གི་རྐྱེན་རྩ་གསལ་སྟོན་བྱེད་དགོས། གོ་ལ་ཧྲིལ་པོའི་གནམ་གཤིས་འགྱུར་ལྡོག་དང་མིའི་རིགས་ཀྱི་བྱེད་སྒོས་མཚོ་བོད་ས་མཐོར་ཐེབས་པའི་ཤུགས་རྐྱེན་ཁོང་དུ་ཡང་དག་ཆུད་པ་བྱས་ནས། སྲུང་སྐྱོང་དང་། ཉམས་གསོ། བཅོས་སྐྱོང་བཅས་ཀྱི་མ་ལག་ལྡན་པའི་ཇུས་གཞི་དང་ལས་གྲྭའི་བྱ་ཐབས་ཞིབ་འཇུག་བྱས་ནས་འདོན་དགོས། ཁ་གསབ་བྱེད་ཐབས་འཐུས་སྒོ་ཚང་དུ་གཏོང་བ་དང་། འབྱུང་ཁམས་སྲུང་སྐྱོང་དང་དམངས་འཚོ་ལེགས་བཅོས་ཟུང་འབྲེལ་བྱ་རྒྱུར་སྐུལ་འདེད་གཏོང་བ། ཕྱོགས་ཁག་གི་ཧུར་སེམས་དེ་བས་ལེགས་པའི་སྒོ་ནས་སྐུལ་སློང་བྱས་ཏེ། འབྱུང་ཁམས་བཟང་པོ་མཉམ་སྐྲུན་དང་མཛེས་སྡུག་ལྡན་པའི་འཚོ་བ་མཉམ་སྤྱོད་ཀྱི་འཁོར་རྒྱུག་བཟང་པོའི་ཕུགས་ཕན་ལམ་སྲོལ་ཞིག་ཆགས་པ་བྱེད་དགོས། མཐའ་མཚམས་ས་ཁུལ་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་དང་དམིགས་བསལ་གྱི་རྒྱབ་སྐྱོར་སྲིད་ཇུས་སྤྱད་དེ། མཐའ་མཚམས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་བ་དང་འབྱུང་འགྱུར་གྱི་སེམས་ཁྲལ་སེལ་རོགས་བྱེད་དགོས་ཞེས་བསྟན་གནང་ཡོད།

ཞི་ཅིན་ཕིང་གིས། ཏང་དོ་དམ་ནན་པོ་དང་བཅོས་སྐྱོང་ནན་པོ་བྱ་རྒྱུ་དེ་སྔར་བས་གཏིང་ཟབ་དང་ཏན་ཏིག་ཡོང་རྒྱུར་སྐུལ་འདེད་གཏོང་དགོས། རིམ་ཁག་འགོ་ཁྲིད་ཚན་པ་དང་། ལས་བྱེད་པ་དང་ཤེས་ལྡན་མི་སྣའི་དཔུང་ཁག གཞི་རིམ་རྩ་འཛུགས་བཅས་འཛུགས་སྐྱོང་བྱ་རྒྱུར་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ། རིམ་ཁག་ཏང་རྩ་འཛུགས་དང་། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ་བཅས་མི་རིགས་ཁག་གི་མང་ཚོགས་ཀྱི་སྣེ་ཁྲིད་ནས་ཉམས་སད་ཐེག་ཐུབ་པ་དང་། དཀའ་ངལ་དང་འགྲན་རྩོད་ལས་རྣམ་པར་རྒྱལ་བ། བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བ་བཅས་ཀྱི་ཆབ་སྲིད་ཀྱི་སྟོབས་ཤུགས་ཆེན་པོ་ཞིག་ལ་འགྱུར་བར་འགན་ལེན་ཏན་ཏིག་བྱ་དགོས། ཏང་གི་ཆབ་སྲིད་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཏང་ཡོན་དང་ལས་བྱེད་པའི་བསམ་བློར་དྲག་ཆས་སྤྲོས་རྒྱུ་རྒྱུན་འཁྱོངས་དང་། ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་འཆང་ཞེས་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་ཕན་འབྲས་གཏིང་ཟབ་ཏུ་གཏོང་བ་དང་། ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་ནན་སྲུང་དང་། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལས་དོན་སྒྲུབ་པའི་ཤུགས་ཚད་ཆེ་རུ་གཏོང་དགོས། རིམ་ཁག་ཏང་རྩ་འཛུགས་དང་། ཏང་ཡོན། ལས་བྱེད་པ་བཅས་ཀྱིས་འཐབ་རྩོད་ཆེན་པོར་ཁ་གཏད་གཅོག་པའི་ནུས་པ་དང་། ཉེན་ཁ་ཚབས་ཆེན་སྔོན་འགོག་བྱེད་པའི་ནུས་པ་ཆེ་རུ་བཏང་སྟེ། སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་ཁོར་ཡུག་ཅིག་བསྐྲུན་དགོས་ཞེས་ནན་སྟོན་གནང་འདུག

ཞི་ཅིན་ཕིང་གིས། རྒྱ་ཆེའི་ལས་བྱེད་པ་དང་ལྷག་པར་དུ་བོད་ཀྱི་ལས་བྱེད་པས་བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་དར་སྤེལ་བཏང་ནས། གསོ་རླུང་མི་འདང་ཡང་སྙིང་སྟོབས་ མི་ཉམས་པ་དང་། དཀའ་ཚེགས་ཆེ་ཡང་དཀའ་སྡུག་ལ་མི་སྐྲག་པ། ས་བབ་མཐོ་བའི་ཐོག་གོ་རྟོགས་དེ་བས་མཐོ་བ་ཡོང་བ་བྱེད་དགོས། ལས་ཀའི་ཁྲོད་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཟམ་མི་ཆད་པར་ཆེ་རུ་གཏོང་བ་དང་། ནུས་པ་ཆེར་གཏོང་། སྤྱོད་ཚུལ་སྦྱོང་བརྡར་བཅས་བྱ་དགོས། བོད་ལྗོངས་ཀྱི་ལས་བྱེད་པ་དང་ལས་བཟོ་པར་སེམས་ཁུར་དང་གཅེས་སྐྱོང་བྱེད་དགོས་ཏེ། གླ་ཕོགས་དང་། སྡོད་ཁང་། སྨན་བཅོས། བུ་ཕྲུག་སློབ་ཞུགས། ལས་འཁྱུར་བཀོད་སྒྲིག་སོགས་ཕྱོགས་གང་ཅིའི་ཐད་ཀྱི་རྒྱབ་སྐྱོར་སྲིད་ཇུས་འཐུས་ཚང་དང་དོན་འཁྱོལ་ཡག་པོ་བྱས་ནས། ཁོང་ཚོའི་འབྱུང་འགྱུར་གྱི་སེམས་ཁྲལ་སེལ་དགོས། བདེ་ཐང་འགན་སྲུང་ལས་དོན་ལ་མཐོང་ཆེན་བྱས་ནས། ས་བབ་མཐོ་བའི་ས་ཁུལ་གྱི་སྨན་བཅོས་བདེ་སྲུང་གི་སྒྲིག་ཆས་གསར་པ་དང་ལག་རྩལ་གསར་པ་ཞིབ་འཇུག་གསར་སྤེལ་དང་ཁྱབ་གདལ་བཏང་ནས། ཁོང་ཚོའི་བདེ་ཐང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས་ཞེས་བསྟན་ཡོད།

ཞི་ཅིན་ཕིང་གིས། ཀྲུང་དབྱང་གིས་བོད་ལ་རྒྱབ་སྐྱོར་དང་རྒྱལ་ཡོངས་ཀྱིས་བོད་ལ་རོགས་སྐྱོར་བྱེད་པ་དེ་ནི་ཏང་ཀྲུང་དབྱང་གིས་ཐོག་མཐའ་བར་གསུམ་དུ་འཛིན་པའི་སྲིད་ཇུས་ཤིག་ཡིན་པས། ངེས་པར་དུ་ཡུན་རིང་རྒྱུན་འཁྱོངས་དང་ཉམས་མྱོང་ཕྱོགས་བསྡོམས་ནན་ཏན་བྱས་ཏེ་བོད་སྐྱོར་ལས་དོན་གྱི་རྣམ་པ་གསར་པ་གཏོད་དགོས། སི་ཁྲོན་དང་། ཡུན་ནན། ཀན་སུའུ། མཚོ་སྔོན་བཅས་ཞིང་ཆེན་བཞིའི་ཏང་ཨུད་ཀྱིས་བོད་འབྲེལ་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས། བྱེད་པོའི་འགན་འཁྲི་འཁུར་ཐོག་བོད་རང་སྐྱོང་ལྗོངས་དང་མཐུན་སྦྱོར་གཞོགས་འདེགས་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས། ཀྲུང་དབྱང་གིས་ཞིང་ཆེན་བཞིའི་བོད་འབྲེལ་ལས་དོན་ལ་རྒྱབ་སྐྱོར་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ནས། བོད་དང་འབྲེལ་བ་ཡོད་པའི་ཁུལ་དང་རྫོང་གི་རྨང་གཞིའི་སྒྲིག་བཀོད་ལེགས་སུ་གཏོང་བ་དང་། འབྱུང་ཁམས་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་པ། དམངས་འཚོ་འགན་སྲུང་དང་ལེགས་སུ་གཏོང་བ། ཁྱད་ལྡན་ཐོན་ལས་གོང་འཕེལ་གཏོང་རོགས་བཅས་བྱས་ཏེ། མང་ཚོགས་རྣམས་འཚོ་བ་སྔར་ལས་བདེ་སྐྱིད་ལྡན་པར་རོལ་རྒྱུ་ཡོང་བ་བྱེད་དགོས་པའི་ནན་སྟོན་གནང་ཡོད།

ལི་ཁེ་ཆང་གིས་གྲོས་ཚོགས་གཙོ་སྐྱོང་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་འཚོགས་ཚུན་གྱི་ལས་ཀའི་གྲུབ་འབྲས་དང་ཉམས་མྱོང་ཁྱོན་ཡོངས་ནས་ཕྱོགས་བསྡོམས་དང་། མིག་སྔའི་བོད་ཀྱི་ལས་དོན་ལ་འཕྲད་པའི་དུས་བབ་ལ་དབྱེ་ཞིབ་གཏིང་ཟབ་དང་། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཕྱོགས་དང་བོད་ཀྱི་ལས་དོན་ཡག་པོ་སྒྲུབ་པའི་མཛུབ་ཁྲིད་བསམ་བློར་འཆད་འགྲེལ་གནང་བ། མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་བོད་ཀྱི་ལས་དོན་གྱི་དམིགས་ཚད་ལས་འགན་དང་། བྱེད་ཕྱོགས་དང་སྲིད་ཇུས། འཐབ་ཇུས་བྱ་ཐབས་བཅས་ཁ་གསལ་བཏོན་གནང་ཡོད། དེ་དང་ཆབས་ཅིག སི་ཁྲོན་དང་། ཡུན་ནན། ཀན་སུའུ། མཚོ་སྔོན་བཅས་ཞིང་ཆེན་ཁག་གི་བོད་འབྲེལ་ལས་དོན་བཀོད་སྒྲིག་གནང་ཡོད་པས། དེར་ཆབ་སྲིད་རང་བཞིན་དང་། བསམ་བློའི་རང་བཞིན། རིགས་པའི་གཞུང་ལུགས་ཀྱི་རང་བཞིན་བཅས་ཧ་ཅང་ཆེན་པོ་ལྡན་པ་དང་། དུས་རབས་གསར་པའི་བོད་ཀྱི་ལས་དོན་ལ་མཛུབ་ཁྲིད་བྱེད་པའི་རྩ་འཛིན་རང་བཞིན་གྱི་ཚད་ལྡན་ཡིག་ཆ་ཞིག་རེད། ཚང་མས་སློབ་སྦྱོང་དང་གོ་བ་ནན་ཏན་ལེན་པ་དང་། ལས་ཀའི་དོན་དངོས་དང་ཟུང་འབྲེལ་བྱས་ནས་བསམ་གཞིགས་གཏིང་ཟབ་བྱ་དགོས། བསམ་བློ་སྔར་བས་གཅིག་གྱུར་དང་ངོས་འཛིན་སྔར་བས་ཟབ་ཏུ་བཏང་ནས། ལག་བསྟར་དོན་འཁྱོལ་བྱེད་ཐབས་ལ་ཞིབ་འཇུག་བྱེད་པ་དང་། བསམ་བློ་དང་བྱ་སྤྱོད་དེ་བོད་ཀྱི་ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བ་བྱེད་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་ནས། འདུ་ཤེས་བཞི་ཆེ་རུ་གཏོང་བ་དང་། བློ་སྤོབས་བཞི་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་ཐུབ་པ་བཅས་བྱས་ཏེ། ནུས་ཤུགས་ཡོད་རྒུས་ལས་འགན་ཁག་དོན་འཁྱོལ་བྱ་རྒྱུར་དམ་འཛིན་ཡག་པོ་བྱེད་དགོས་པ་དང་། དུས་རབས་གསར་པའི་བོད་ལྗོངས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་པོས་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་བསྟན་ཡོད།

ཝང་དབྱང་གིས་ཕྱོགས་བསྡོམས་གསུང་བཤད་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དེ་ནི་དུས་བབ་དང་བསྟུན་པ་དང་། ཁྱོན་ཡོངས་ལ་སྟངས་འཛིན། དགོངས་དོན་ཟབ་པ། ནང་དོན་ཕུན་སུམ་ཚོགས་པ། རིགས་པའི་གཞུང་ལུགས་རང་བཞིན་དང་། མཛུབ་སྟོན་རང་བཞིན། དམིགས་ཡོད་རང་བཞིན་བཅས་ཤུགས་ཆེན་པོ་ལྡན་པ་ཞིག་ཡིན་ཞིང་། དེ་ནི་མར་ཁེ་སི་རིང་ལུགས་ཀྱི་བདེན་དོན་གྱི་འོད་སྣང་འཚེར་བའི་རྩ་འཛིན་རང་བཞིན་གྱི་ཚད་ལྡན་ཡིག་ཆ་ཞིག་ཡིན་པས། དུས་རབས་གསར་པར་བོད་ལྗོངས་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུར་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ལ་བརྩི་དགོས་པ་དང་། ལྟེ་བའི་སྙིང་དོན་དང་དགོངས་དོན་གྱི་ངོ་བོ་ཁོང་དུ་ཆུད་པ་བྱས་ཐོག ལས་དོན་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ཆེན་པོ་ཞིག་ཏུ་འགྱུར་བ་བྱ་དགོས། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཕྱོགས་ལ་ཁྱོན་ཡོངས་ནས་གོ་བ་ལེན་པ་དང་། ཁྱོན་ཡོངས་ནས་ལག་བསྟར་བྱེད་དགོས་པ་དང་། མཛད་ཕྱོགས་འདིར་ངོས་འཛིན་གཏིང་ཟབ་བྱ་རྒྱུ་ནི་བོད་ཀྱི་ལས་དོན་གྱི་རྩ་འཛིན་དང་བླ་སྲོག་ལྟ་བུ་ཡིན་པས། ལས་དོན་ཁག་ཚང་མས་འདི་ཕྱོགས་སྟོན་དང་ཚད་གཞིར་འཛིན་པ་དང་། དོན་དངོས་དང་ཟུང་འབྲེལ་གྱིས་དོན་འཁྱོལ་ནན་ཏན་བྱ་དགོས། བོད་ཀྱི་ལས་དོན་གྱི་དུས་བབ་གསར་པ་དང་ལས་འགན་གསར་པ་ཁྱོན་ཡོངས་ནས་ཁོང་དུ་ཆུད་པ་བྱས་ཐོག ཕུགས་ཕན་གྱི་ཇུས་འདིང་བ་དང་། བརྟན་གཏོང་གི་བྱ་ཐབས་སྤྱོད་དགོས་པ། ཡུན་རིང་བདེ་འཁོད་ལ་ཤུགས་རྐྱེན་ཐེབས་པའི་གཏིང་རིམ་གྱི་འགལ་བ་དང་གནད་དོན་ཐག་གཅོད་མང་ཙམ་བྱ་དགོས། འབྲེལ་ཡོད་ས་ཁུལ་དང་སྡེ་ཁག་གིས་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་ལག་བསྟར་བསམ་འཆར་དུས་ཚོད་དམ་འཛིན་གྱིས་གཏན་ལ་འབེབས་དགོས་པ་དང་། ཚོགས་འདུའི་ཐོག་གཏན་འཁེལ་བྱས་པའི་ལས་འགན་བཀོད་སྒྲིག་ཁག་རེ་རེ་བཞིན་ཞིབ་ཚགས་སུ་བཏང་ཐོག འཐབ་ཇུས་བཀོད་སྒྲིག་དེ་ཞིབ་ཕྲའི་ལས་ཀའི་བཀོད་སྒྲིག་ལ་འགྱུར་བ་བྱ་དགོས། རྩ་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་དང་། ལས་ཀའི་འགན་འཁྲི་ནན་པོ་བཟོ་བ། མཐུན་སྦྱོར་གཞོགས་འདེགས་དམ་ཟབ་བྱེད་པ། ལྟ་སྐུལ་ཞིབ་བཤེར་ཡག་པོ་བྱེད་པ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་སྤོངས་བ་བཅས་བྱས་ནས། ཏང་ཀྲུང་དབྱང་གི་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་བ་བྱ་དགོས། སྣེ་མང་ཕུན་སུམ་ཚོགས་པའི་སྒྲོག་འགྲེལ་བྱེད་སྒོ་སྤེལ་ནས། ཚོགས་འདུའི་དགོངས་དོན་མི་སེམས་ལ་ཟུག་པ་བྱ་དགོས་ཞེས་བསྟན་འདུག

པེ་ཅིང་དུ་ཡོད་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་འགོ་ཁྲིད་བློ་མཐུན། རྒྱལ་དོན་ཨུ་ཡོན། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་འགོ་འཛིན། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན། རྒྱལ་ཡོངས་སྲིད་གྲོས་ཀྱི་འབྲེལ་ཡོད་འགོ་ཁྲིད་བློ་མཐུན་སོགས་ཚོགས་འདུར་ཞུགས་ཡོད།

བོད་རང་སྐྱོང་ལྗོངས་ཀྱི་ཏང་སྲིད་འགན་འཁུར་བློ་མཐུན་དང་། ས་གནས་དང་གྲོང་ཁྱེར་ཁག་གི་ཏང་སྲིད་ཀྱི་འགན་འཁུར་བློ་མཐུན་གཙོ་བོ། སི་ཁྲོན་དང་ཡུན་ནན། ཀན་སུའུ། མཚོ་སྔོན་བཅས་ཞིང་ཆེན་གྱི་ཏང་སྲིད་འགན་འཁུར་བློ་མཐུན་དང་བོད་རིགས་རང་སྐྱོང་ཁུལ་གྱི་ཏང་སྲིད་འགན་འཁུར་བློ་མཐུན་གཙོ་བོ། དེ་མིན་གྱི་ཞིང་ལྗོངས་དང་གྲོང་ཁྱེར་ཁག་གི་འགན་འཁུར་བློ་མཐུན། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན། འབྲེལ་ཡོད་མི་དམངས་ཚོགས་པ་དང་། དངུལ་རྩའི་ལས་ཁུངས། གཞུང་ཁོངས་ཁེ་ལས་བཅས་ཀྱི་འགན་འཁུར་བློ་མཐུན། དམག་དཔུང་གི་འབྲེལ་ཡོད་ལས་ཁུངས་ཀྱི་འགན་འཁུར་བློ་མཐུན་སོགས་ཀྱང་ཚོགས་འདུར་ཞུགས་ཡོད་པ་རེད།

རྩོམ་སྒྲིག་པ། : འབུམ་པ་རྒྱལ།