ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་གསུམ་པ་གྲོལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-08-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1598575772507142.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་གསུམ་པ་ཚེས་ཉེར་བདུན་ཉིན་གྱི་སྔ་དྲོར་པེ་ཅིང་ནས་གྲོལ། ཐེངས་འདིའི་གྲོས་ཚོགས་ནས་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་གཞི་བཅུ་བཞི་བ་གཏན་འབེབས་བྱེད་པ་བརྗོད་སྙིང་དུ་བཟུང་ནས་གྲོས་མོལ་སྲིད་གྲོས་བྱས་པ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་མཇུག་བསྡུའི་མཛད་སྒོར་མགོ་འཛིན་མཛད་པར་མ་ཟད་གསུང་བཤད་གནངས། 

ཝང་དབྱང་གིས་བསྟན་དོན། རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་གཞི་བཅུ་བཞི་བ་གཏན་འབེབས་བྱེད་པ་ནི་ཀྲུང་གོའི་གུང་ཁྲན་ཏང་གི་རྒྱལ་སྐྱོང་སྲིད་འཛིན་གྱི་བྱེད་ཐབས་གལ་ཆེན་ཞིག་རེད། རྒྱལ་ཡོངས་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་དེ་བརྗོད་སྙིང་དུ་བཟུང་སྟེ་གྲོས་མོལ་བྱས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ལོ་ལྔའི་འཆར་གཞི་བཅུ་བཞི་བ་སྒྲིག་བཟོ་གང་ལེགས་བྱེད་པའི་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དངོས་འབེབ་བྱས་ཤིང་། ཆེད་དོན་གྲོས་མོལ་ལས་ཁུངས་ཀྱི་ཁྱད་སྟོབས་ནུས་པ་འདོན་སྤེལ་དང་། མི་དམངས་ཀྱི་བློ་གྲོས་དང་དམངས་ཀྱི་འདོད་བློ་གཅིག་བསྡུས་བྱེད་པའི་བྱེ་བྲག་གི་འགུལ་སྐྱོད་ཅིག་རེད། གྲོས་མོལ་བྱེད་སྐབས་ཚང་མས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གི་མགོ་ཁྲིད་བརྟན་པོའི་འོག ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་སྐབས་སུ་རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་འཕེལ་རྒྱས་ཐད་ནས་གྲུབ་འབྲས་ཆེན་པོ་བླངས་ཡོད་པ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པའི་རྒྱལ་ཁ་བླངས་ཏེ། ལོ་ལྔའི་འཆར་གཞི་བཅུ་གསུམ་པ་བདེ་བླག་ངང་མཇུག་བསྡུ་བ་མངོན་འགྱུར་བྱེད་པར་ཡིད་ཆེས་ཀྱིས་ཁེངས་ཡོད་པའི་གདེང་འཇོག་བྱས་པར་མ་ཟད། ལོ་ལྔའི་འཆར་གཞི་བཅུ་བཞི་བ་གཏན་འབེབས་བྱེད་པའི་ཐད་བློ་འདོན་ཇུས་འབུལ་བྱས། སེམས་ཤུགས་གཅིག་སྒྲིལ་གྱིས་འཕེལ་རྒྱས་ཀྱི་ལེའུ་གསར་བ་འཆར་འགོད་བྱས་ཏེ་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་གསར་འབྱེད་བྱེད་པར་རོགས་འདེགས་བྱེད་དགོས་པའི་ཚུལ་བསྟན། 

ཝང་དབྱང་གིས་ལོ་ལྔའི་འཆར་གཞི་བཅུ་བཞི་བ་སྒྲིག་བཟོ་བྱེད་པ་ནི་མ་ལག་བཟོ་སྐྲུན་ཆེན་པོ་ཞིག་ཡིན་པ་དང་། དམངས་གཙོ་དར་སྤེལ་དང་བློ་གྲོས་གཅིག་སྡུད་བྱེད་པའི་བརྒྱུད་རིམ་ཞིག་ཀྱང་ཡིན་ལ། མི་དམངས་སྲིད་གྲོས་ཀྱིས་རང་སྟེང་གི་ཁྱད་སྟོབས་འདོན་སྤེལ་བྱས་ཏེ། འཆར་གཞིའི་གཏན་འབེབས་དང་ལག་བསྟར་ཐད་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས། ཕྱོགས་མང་བོའི་སྟོབས་ཤུགས་ལ་མཉམ་འབྲེལ་བྱེད་པ་དང་ཕྱི་ཕྱོགས་བརྗེ་རེས་ཀྱི་བྱེད་ཐབས་གསར་གཏོད་བྱས་ཏེ། ལོ་ལྔའི་འཆར་གཞི་བཅུ་བཞི་བའི་བརྗོད་སྙིང་དྲིལ་སྒྲོག་གང་ལེགས་བྱས་ནས། ཀྲུང་གོའི་གུང་ཁྲན་ཏང་གི་རྒྱལ་སྐྱོང་སྲིད་འཛིན་གྱི་གཏམ་རྒྱུད་བཟང་བོར་བཤད་དགོས་ཞེས་གསུངས། 

གྲོས་ཚོགས་ནས་བརྡས་ཐག་བཅད་དེ་པུས་ཅིན་ཆོན་དང་། མེའོ་ཞུའུ། ཧུའུ་ཙེ་ཅོན། ལིང་ཡེ། ལོ་ཧྲུའུ་ཀང་བཅས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཨུ་ཡོན་དུ་གསབ་འདེམས་བྱས། པུས་ཅིན་ཆོན་དང་མེའོ་ཕུའུ་གཉིས་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པར་གསབ་འདེམས་བྱས་པ་དང་། ཀྲང་ཞའོ་ལེན་གྱིས་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཚོགས་སྡོད་ཀྲུའུ་རིན་གཞོན་པའི་འགན་ཁུར་བ་དང་། ཞིང་ལས་དང་ཞིང་སྡེ་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཚོགས་སྡོད་ཀྲུའུ་རིན་གཞོན་པའི་འགན་ཁུར་རྒྱུ་མ་རེད། ལིང་ཡེ་ཡིས་ཞིང་ལས་དང་ཞིང་སྡེ་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཚོགས་སྡོད་ཀྲུའུ་རིན་གཞོན་པའི་འགན་ཁུར་བ་དང་། ཧུའུ་ཙེ་ཅོན་གྱིས་མི་དམངས་ཐོན་ཁུངས་ཁོར་ཡུག་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པའི་འགན་ཁུར་རྒྱུ་རེད། ལོ་ཧྲུའུ་ཀང་གིས་མི་རིགས་ལོ་རྒྱུས་དང་སློབ་སྦྱོང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པའི་འགན་ཁུར་རྒྱུ་རེད། ལིས་ཅིན་ཙའོ་ཡི་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་གྱི་ལས་འགན་ལེན་པ་དང་། དེའི་ཨུ་ཡོན་གྱི་ཐོབ་ཐང་རྩིས་མེད་དུ་གཏོང་བའི་ཆོད་དོན་ལ་གྲོས་འཆམ་བྱུང་། 

ཐེངས་འདིའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ནས་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞིའི་གྲོས་ཚོགས་ཀྱི་ཉིས་སྟོང་ཉི་ཤུ་ལོའི་ལོ་སྟོད་ཀྱི་བྱ་བའི་གནས་ཚུལ་སྐོར་གྱི་སྙན་ཞུར་གྲོས་ཞིབ་བྱས། 

གྲོས་ཚོགས་མ་གྲོལ་གོང་པེ་ཅིང་སློབ་ཆེན་མི་གྲངས་ཞིབ་འཇུག་ཁང་གི་མགོ་བ་ཁྲིན་ཀུང་གིས་གདན་ཞུས་ལྟར་ཁ་བྱང་ལ་རང་རྒྱལ་གྱི་རྒན་གསོའི་ཞབས་ཞུའི་ལས་རིགས་འཕེལ་རྒྱས་ཀྱི་ད་ལྟའི་གནས་ཚུལ་དང་གནད་དོན། ཐབས་ཇུས་ཞེས་པའི་འཆད་འཁྲིད་བྱས། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།