ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བཅའ་ཁྲིམས་ལག་བསྟར་ཞིབ་བཤེར་ཚན་ཆུང་གིས་ཅང་སུའུ་དང་ཧྲན་ཏུང་དུ་ས་གཤིས་སྦགས་བཙོག་འགོག་བཅོས་བཅའ་ཁྲིམས་ལག་བསྟར་བྱས་པའི་གནས་ཚུལ་ལ་རྟོག་ཞིབ་མཛད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-08-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1598575604793249.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལེ་ཀྲན་ཧྲུའུ་ཡིས་ཚེས་ཉེར་གསུམ་ཉིན་ནས་ཚེས་ཉེར་དྲུག་ཉིན་བར། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བཅའ་ཁྲིམས་ལག་བསྟར་ཞིབ་བཤེར་ཚན་ཆུང་ཁྲིད་དེ་ཅང་སུའུ་དང་ཧྲན་ཏུང་དུ་ས་གཤིས་སྦགས་བཙོག་འགོག་བཅོས་བཅའ་ཁྲིམས་ལག་བསྟར་བྱས་པའི་གནས་ཚུལ་ལ་རྟོག་ཞིབ་མཛད། ཁོང་གིས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པར་གཏིང་ཟབ་ཏུ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཕྱོགས་ཡོངས་ནས་ཕན་ནུས་ལྡན་པར་ས་གཤིས་སྦགས་བཙོག་འགོག་བཅོས་བཅའ་ཁྲིམས་ལག་བསྟར་བྱས་ཏེ། སྔོན་འགོག་གཙོར་འཛིན་དང་སྲུང་སྐྱོབ་གཙོར་འཛིན་རྒྱུན་འཁྱོངས་བྱས་ནས། ཁྲིམས་ལྟར་ས་གཤིས་ཉེན་ཁའི་དོ་དམ་ཚོད་འཛིན་དང་ཞིག་གསོའི་བྱ་བ་བཟང་བོར་བསྒྲུབ་དགོས་ཞེས་གསུངས། 

ཞིབ་བཤེར་ཚན་ཆུང་གིས་ཅང་སུའུ་ཡི་ལེན་ཡུང་ཀང་དང་ཧྲན་ཏུང་གི་རི་ཀྲའོ་དང་ཝེ་ཧེ། ཅི་ནན་སོགས་ས་ཁུལ་གྱི་ཞིང་ཁ་དང་ཁེ་ལས། ར་བ། འཛུགས་སྐྲུན་ལས་ཡུལ་བཅས་སུ་སོང་སྟེ། ཞིང་བཀོལ་ས་ཞིང་དང་འཛུགས་སྐྲུན་ཐད་བཀོལ་བའི་ས་ཞིང་གི་སྦགས་བཙོག་འགོག་བཅོས་དང་ས་ཞིང་གི་ཕྱོགས་བསྡུས་བེད་སྤྱོད་སོགས་གནས་ཚུལ་ལ་ཡུལ་དངོས་ནས་རྟོག་ཞིབ་བྱས། ལེ་ཀྲན་ཧྲུའུ་ཡིས་གསུང་དོན། ཅང་སུའུ་དང་ཧྲན་ཏུང་ཞིང་ཆེན་གཉིས་ཀྱིས་ས་གཤིས་སྦགས་བཙོག་འགོག་བཅོས་བཅའ་ཁྲིམས་ནན་གྱིས་ལག་བསྟར་བྱས་པ་དང་། ས་ཞིང་དང་འབྲེལ་བའི་དོན་ཚན་བཅུའི་དངོས་འབེབ་བྱ་དམ་འཛིན་བྱས་ཏེ། ས་གཤིས་དག་མར་སྲུང་སྐྱོབ་བྱེད་པའི་ཐད་ནས་གྲུབ་འབྲས་ཆེན་པོ་བླངས་ཡོད་ཅེས་གསུངས། 

ཝེ་ཧེ་ནས་ལེ་ཀྲན་ཧྲུའུ་ཡིས་མགོ་འཛིན་མཛད་དེ་ཆེད་མཁས་པའི་བཞུགས་མོལ་ཚོགས་འདུ་བསྡུས། ལེ་ཀྲན་ཧྲུའུ་ཡིས་བསྟན་དོན། ས་གཤིས་སྦགས་བཙོག་ལ་མི་མངོན་པའི་རང་བཞིན་དང་རྗེས་ལུས་ཀྱི་རང་བཞིན། རིམ་བསགས་ཀྱི་རང་བཞིན། ས་ཁོངས་ཀྱི་རང་བཞིན། ཡུན་རིང་གི་རང་བཞིན་བཅས་ཀྱི་ཁྱད་ཆོས་ལྡན། གལ་ཏེ་སྦགས་བཙོག་གི་གནས་ཚུལ་བྱུང་ན། བཅོས་སྐྱོང་སླར་གསོའི་དཀའ་ཁག་ཆེ་བ་དང་། ཡུན་ཚད་རིང་ལ། མ་རྩ་ཧ་ཅང་མཐོ། ས་གཤིས་སྦགས་བཙོག་གི་འགོག་བཅོས་བྱ་བ་བཟང་བོར་བསྒྲུབས་པ་དང་། ཡོད་ཚད་དོན་དངོས་ནས་མགོ་རྩོམ་པ་རྒྱུན་འཁྱོངས་དང་སྔོན་འགོག་གཙོར་འཛིན་དང་སྲུང་སྐྱོབ་གནད་དུ་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། བདེ་འཇགས་ངང་བེད་སྤྱོད་བྱས་ཆོག་པའི་ས་ཞིང་ལའང་ཡུལ་དུས་དང་བསྟུན་ནས་གོ་རིམ་དང་ཕན་ནུས་ལྡན་པར་ཞིག་གསོ་བཅོས་སྐྱོང་བྱེད་དགོས་ལ། ཕྱི་ཚུལ་རིང་ལུགས་དང་འོལ་ཚོད་ཀྱིས་གཅིག་གཅོད་བྱེད་པའི་ཕན་འབྲས་མེད་པའི་དངུལ་གཏོང་གཏན་འགོག་བྱེད་དགོས། ས་གཤིས་སྦགས་བཙོག་གི་ཁྱབ་ཞིབ་དང་རྒྱུས་ལོན་བྱ་བ་བཟང་བོར་བསྒྲུབ་པའི་རྨང་གཞིའི་སྟེང་། བཅའ་ཁྲིམས་ཀྱི་གཏན་འཁེལ་གཞིར་བཟུང་སྟེ། རིགས་དགར་དོ་དམ་ལག་བསྟར་ནན་མོ་བྱེད་དགོས། ཐོག་མར་བྱེད་ཐབས་ནུས་ལྡན་སྤྱད་ནས་སྦགས་བཙོག་གི་ཁྱབ་རྒྱ་ཇེ་ཆེར་འགྲོ་བ་དང་ཚད་ཇེ་སྡུག་ཏུ་འགྲོ་བར་སྔོན་འགོག་བྱས་ནས། གསར་དུ་སྦགས་བཙོག་ཐེབས་པ་གཏན་འགོག་དང་ཁྲིམས་ལྟར་ཉེན་སེལ་དོ་དམ་བྱ་བ་བཟང་བོར་བསྒྲུབ་དགོས། སྦགས་བཙོག་ཐེབས་མེད་པའི་ས་ཞིང་ལ་འཆར་འགོད་གང་ལེགས་བྱས་ནས་སྲུང་སྐྱོབ་ལ་ཤུགས་སྣོན་དགོས། སྦགས་བཙོག་ཐེབས་པའི་ས་ཞིང་དེ་ཁྲིམས་ལྟར་ཞིག་གསོ་བཅོས་སྐྱོང་བྱེད་དགོས་ལ། བདེ་འཇགས་ལ་འགན་སྲུང་ཐེབས་པའི་གནས་ཚུལ་འོག་བེད་སྤྱོད་བྱེད་དགོས། སྦགས་བཙོག་ཅུང་ཚབས་ཆེ་བའི་ས་ཞིང་ལ་དོ་དམ་ཚོད་འཛིན་ནན་མོ་བྱས་ཏེ། མི་དམངས་མང་ཚོགས་ཀྱི་བདེ་ཐང་བདེ་འཇགས་ལ་གནོད་པ་ཡོད་པའི་དོན་རྐྱེན་གང་རུང་འབྱུང་བར་གཏན་འགོག་བྱེད་དགོས་ཟེར། 

ཅི་ནན་ནས་ལེ་ཀྲན་ཧྲུའུ་ཡིས་མགོ་འཛིན་མཛད་དེ་ཁྲིམས་འཛིན་ཞིབ་བཤེར་གྱི་བཞུགས་མོལ་ཚོགས་འདུ་བསྡུས་ནས། གནས་ཚུལ་མཚམས་སྦྱོར་དང་དམངས་ཆེན་འཐུས་མིའི་བསམ་འཆར་དང་གྲོས་གཞིར་གསན། ཁོང་གིས་ནན་གྱིས་བསྟན་དོན། ཕྱོགས་ཡོངས་ནས་ཕན་ནུས་ལྡན་པའི་སྒོ་ནས་ས་གཤིས་སྦགས་བཙོག་འགོག་བཅོས་བཅའ་ཁྲིམས་ལག་བསྟར་བྱས་ཏེ། ཁྲིམས་སྐྱོང་གི་ཐད་ནས་འགོག་བཅོས་བྱ་བར་སྐུལ་འདེད་གཏོང་བར་འགན་སྲུང་བྱེད་དགོས་ཞེས་གསུངས། 

རྟོག་ཞིབ་བྱེད་སྐབས་ལེ་ཀྲན་ཧྲུའུ་ཡིས་ཨེ་ཤ་ཡཱ་དང་ཡོ་རོབ་གླིང་གི་སྐམ་སའི་ཟམ་པ་གསར་བའི་ཏུང་རོས་ཟམ་སྣེ་ལ་རྟོག་ཞིབ་བྱས་པ་དང་། ཅོ་ཏུང་ཏང་གཤིས་སློབ་གསོའི་རྟེན་གཞིའི་ལིའུ་ཀུང་གླིང་ཕྲན་སློབ་ཁྲིད་ཁུལ་དུ་གཟིགས་ཞིབ་མཛད་པར་མ་ཟད། ཧྲན་ཏུང་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་ཁུངས་ལ་རྟོག་ཞིབ་མཛད། ལེ་ཀྲན་ཧྲུའུ་ཡིས་ཅང་སུའུ་དང་ཧྲན་ཏུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཞིང་ཆེན་གཉིས་ཀྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གཏིང་ཟབ་ཏུ་ལག་ལེན་མཐར་ཕྱིན་བྱས་ཏེ། རྒྱལ་ནང་གི་འཁོར་སྐྱོད་ཆེན་མོ་གཙོ་བྱས་ཤིང་རྒྱལ་ནང་དང་རྒྱལ་སྤྱིའི་འཁོར་སྐྱོད་ཟུང་གིས་ཕན་ཚུན་སྐུལ་འདེད་གཏོང་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་ཆགས་པར་སྐུལ་འདེད་གཏོང་དགོས་པའི་རེ་བ་བཏོན།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།