ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས2018ལོ་ནས2035ལོའི་བར་གྱི་རྒྱལ་སའི་བྱེད་ནུས་དཀྱིལ་སྙིང་ས་ཁུལ་གྱི་ཚོད་འཛིན་རང་བཞིན་གྱི་འཆར་འགོད་ཞིབ་རྒྱས་ལ་མཆན་བཀོད་བཀའ་ལན་གནངས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-08-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཉེ་སྔོན་ཉིས་སྟོང་བཅོ་བརྒྱད་ལོ་ནས་ཉིས་སྟོང་སོ་ལྔ་ལོའི་བར་གྱི་རྒྱལ་སའི་བྱེད་ནུས་དཀྱིལ་སྙིང་ས་ཁུལ་གྱི་ཚོད་འཛིན་རང་བཞིན་གྱི་འཆར་འགོད་ཞིབ་རྒྱས་ལ་མཆན་བཀོད་བཀའ་ལན་གནངས། 

མཆན་བཀོད་བཀའ་ལན་ལས་བསྟན་དོན། དཀྱིལ་སྙིང་ས་ཁུལ་ནི་རྒྱལ་ཡོངས་ཀྱི་ཆབ་སྲིད་ལྟེ་གནས་དང་རིག་གནས་ལྟེ་གནས། རྒྱལ་སྤྱིའི་འགྲོ་འོང་ལྟེ་གནས་བཅས་ཀྱི་ས་ཁུལ་གཙོ་བོ་ཡིན་ཞིང་། ལོ་རྒྱུས་རིག་གནས་ཀྱི་མིང་གྲགས་མཁར་གྲོང་ལ་སྲུང་སྐྱོབ་བྱེད་པའི་ས་ཁུལ་གཙོ་བོ་ཞིག་ཡིན་པ་དང་། རྒྱལ་ཁབ་ཀྱི་རྒྱལ་སའི་སྣང་བརྙན་ངོམས་པའི་སྒེའུ་ཁུང་གཙོ་བོ་ཞིག་ཡིན། རྒྱལ་ས་དང་མཁར་གྲོང་དང་། སྲུང་སྐྱོབ་དང་བེད་སྤྱོད། གྲངས་ཚད་ཇེ་ཉུང་དུ་གཏོང་བ་དང་སྤུས་ཚད་ཇེ་མཐོར་གཏོང་བ་བཅས་ཀྱི་འབྲེལ་བ་ཐག་གཅོད་བཟང་བོ་བྱས་ཏེ། སྲིད་དོན་ཁོར་ཡུག་བཟང་བ་དང་རིག་གནས་ཀྱི་འགུག་ཤུགས་ལྡན་པ། མིའི་རིགས་འཚོ་སྡོད་བྱེད་སའི་ཁོར་ཡུག་བཟང་བོ་བཅས་ཡོད་པའི་ས་ཁུལ་ཕུལ་དུ་བྱུང་བ་ཞིག་འཛུགས་སྐྲུན་བྱེད་དགོས་ཟེར། 

མཆན་བཀོད་བཀའ་ལན་ལས། ཆབ་སྲིད་ལྟེ་གནས་ཀྱི་ཞབས་ཞུའི་འགན་སྲུང་འབུར་ཐོན་དུ་བྱེད་པ་དང་། རྒྱལ་ས་མ་ཡིན་པའི་བྱེད་ནུས་ཀྱི་སྒྲོག་འགྲེལ་དང་ཟུང་འབྲེལ་བྱས་ནས་པེ་ཅིང་གྲོང་ཁྱེར་གྱི་གནས་སྤོར་བྱས་པའི་གཞུང་སྒྲུབ་ཐོག་ཁང་གི་རྒྱུན་འཛིན་བེད་སྤྱོད་ལ་གཅིག་གྱུར་བཀོད་འདོམ་བྱེད་པ་དང་། ཀྲུང་དབྱང་ཏང་སྲིད་ལས་ཁུངས་ཀྱི་གཞུང་སྒྲུབ་རྣམ་པ་ལེགས་བཅོས་བྱེད་དགོས་ལ། གོམ་སྟབས་བརྟན་པོས་དཀྱིལ་སྙིང་ས་ཁུལ་གྱི་བྱེད་ནུས་བསྐྱར་འཛུགས་ལ་སྐུལ་འདེད་གཏོང་བ་དང་། སྔར་ལས་ཆེ་བའི་ཁྱབ་ཁོངས་སུ་ཀྲུང་དབྱང་སྲིད་དོན་བྱ་འགུལ་སྤེལ་བར་བཀོད་སྒྲིག་དང་གཞོགས་འདེགས་བྱས་ཏེ། ཀྲུང་ནན་ཧེ་དང་དེའི་ཉེ་འཁོར། གནམ་བདེ་སྒོ་མོ་ཆེ། ཁྲང་ཨན་སྲང་ལམ་སོགས་ས་ཁུལ་གཙོ་བོའི་ཕྱོགས་བསྡུས་བཅོས་སྐྱོང་དམ་འཛིན་བྱེད་དགོས། བརྟན་བརླིང་དང་གོ་རིམ་ཡོད་པའི་སྒོ་ནས་རྒྱལ་ས་མ་ཡིན་པའི་བྱེད་ནུས་སྒྲོག་འགྲེལ་བྱེད་པ་དང་། མཁར་རྙིང་གི་སྤྱིའི་སྲུང་སྐྱོབ་ལ་ཤུགས་སྣོན་བྱེད་པ། སྲང་ལམ་གྱི་སྲུང་སྐྱོབ་གསར་བསྒྱུར་ལ་དོ་སྣང་བྱེད་པ། དམངས་འཚོ་ལེགས་བཅོས་བྱ་བ་འབུར་དུ་ཐོན་པར་བྱས་ཏེ། སྤྱི་བའི་འཕྲོད་བསྟེན་མ་ལག་གི་འཛུགས་སྐྲུན་ལ་ཤུགས་སྣོན་བྱས་ནས་དཀྱིལ་སྙིང་ས་ཁུལ་གྱི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་དགོས་པའི་རེ་བ་བཏོན། 

མཆན་བཀོད་བཀའ་ལན་ལས་ནན་གྱིས་བསྟན་དོན། འཆར་འགོད་ཀྱི་གཟབ་ནན་རང་བཞིན་དང་དབང་གྲགས་རང་བཞིན་ལ་མཐའ་གཅིག་ཏུ་སྲུང་སྐྱོབ་བྱེད་དགོས་པ་དང་། སྡེ་ཁག་དང་མི་སྒེར་སུ་ཡིན་ཡང་ཁྲིམས་འགལ་གྱིས་གང་འདོད་དུ་བཟོ་བཅོས་བྱེད་མི་རུང་། གསར་འཛུགས་དང་བསྒྱུར་འཛུགས་བྱེད་པའི་ལས་གཞི་དག་འཆར་འགོད་ལྟར་ལག་བསྟར་ནན་མོ་བྱེད་དགོས། པེ་ཅིང་གྲོང་ཁྱེར་ཏང་ཨུ་དང་གྲོང་ཁྱེར་སྲིད་གཞུང་གིས་འཆར་འགོད་ལ་སྲུང་སྐྱོབ་གང་ལེགས་བྱེད་པའི་འགན་འཁྲི་ཁུར་དུ་བླངས་ནས། རྩ་དོན་རྒྱུན་འཁྱོངས་བྱེད་པ་དང་མི་ལ་ཕོག་ཐུག་གཏོང་སྤོབས་པའི་སྙིང་སྟོབས་ཀྱིས་འཆར་འགོད་དེ་ལག་ལེན་མཐའ་འཁྱོལ་བྱེད་པར་འགན་སྲུང་བྱེད་དགོས་ཟེར། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།