ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་སྤྱི་ཚོགས་རོགས་སྐྱོར་བྱ་བར་མཆན་བཀོད་མཛུབ་སྟོན་གལ་ཆེན་གནངས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-08-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཚོགས་རོགས་སྐྱོར་ལམ་ལུགས་བཅོས་བསྒྱུར་འཐུས་ཚང་དུ་གཏོང་བའི་སྐོར་གྱི་བསམ་འཆར་ལག་ལེན་དངོས་འབེབ་བྱེད་པའི་བརྙན་རིས་གྲོས་ཚོགས་དང་རྒྱལ་ཡོངས་སྤྱི་ཚོགས་རོགས་སྐྱོར་པུའུ་རིམ་པའི་མཉམ་ཞུགས་གྲོས་ཚོགས་ཀྱི་ཚང་འཛོམས་གྲོས་ཚོགས་ཚེས་ཉེར་བདུན་ཉིན་པེ་ཅིང་ནས་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་སྤྱི་ཚོགས་རོགས་སྐྱོར་བྱ་བའི་ཐད་མཆན་བཀོད་མཛུབ་སྟོན་གལ་ཆེན་གནངས། མཆན་བཀོད་མཛུབ་སྟོན་ལས་བསྟན་དོན། སྤྱི་ཚོགས་རོགས་སྐྱོར་ནི་ཉམས་ཉེན་དང་དཀའ་ཁག་སེལ་བ་དང་། དཀའ་སྡུག་སྣ་ཚོགས་འཕྲལ་དུ་སེལ་བའི་ཆེས་མ་མཐའི་ལམ་ལུགས་བཀོད་སྒྲིག་ཅིག་ཡིན་ཞིང་། གཏན་འཇགས་དྲུག་གི་བྱ་བ་བཟང་བོར་བསྒྲུབས་པ་དང་། འགན་སྲུང་དྲུག་གི་ལས་འགན་དངོས་འབེབ་བྱེད་པའི་ནང་དོན་གལ་ཆེན་ཡིན་ལ། དཀའ་སྡུག་ཆེ་བའི་མང་ཚོགས་ཀྱི་ཟས་གོས་སྐྱིད་སྡུག་ལ་འབྲེལ་བ་ཡོད་པ་དང་། སྤྱི་ཚོགས་ཤིག་གི་གཅེས་སེམས་དང་དྲོད་ཁོལ་མངོན་པར་མཚོན་ཡོད། ས་ཁུལ་སོ་སོ་དང་འབྲེལ་ཡོད་སྡེ་ཁག་སོ་སོས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བྱེད་པ་རྒྱུན་འཁྱོངས་བྱས་ཤིང་། ནན་ཏན་གྱིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བྱེད་པ་དང་། མི་དམངས་བླ་རུ་བཀུར་བའི་འགན་འཁྲིའི་ཁག་ཁུར་ལྡན་པའི་སྒོ་ནས་བརྩེ་བ་ཆེན་པོས་སྤྱི་ཚོགས་རོགས་སྐྱོར་གྱི་སྲིད་ཇུས་བྱེད་ཐབས་སྣ་ཚོགས་ཀྱི་དངོས་འབེབ་བྱ་བ་དམ་འཛིན་བྱས་ནས། དུས་ལྟར་དཀའ་ཁག་ཆེ་བའི་མང་ཚོགས་ཀྱི་དགོས་མཁོ་དང་དཀའ་ཁག་ལ་རྒྱུས་ལོན་བྱེད་པ་དང་། རོགས་སྐྱོར་ཐབས་ལམ་ཡངས་པར་འབྱེད་པ་དང་བྱ་སྤྱོད་དངོས་ཀྱིས་ཁོ་ཚོ་དཀའ་ཁག་ལས་ཐར་བར་རོགས་རམ་བྱེད་དགོས། མིག་སྔར་ལྷག་པར་ཏུ་རིམས་ནད་དང་ཆུ་ལོག་གི་གནོད་འཚེ་སོགས་ཀྱི་ཤུགས་རྐྱེན་དབང་གིས་དཀའ་ཁག་ཆེ་བའི་མང་ཚོགས་ཀྱི་རོགས་སྐྱོར་ཤུགས་ཚད་ཇེ་ཆེར་གཏོང་བ་དང་། ཡོང་འབབ་དམའ་བའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བའི་འགན་སྲུང་གི་འབྲེལ་ཡོད་བྱ་བ་བཟང་བོར་བསྒྲུབ་དགོས། སྔར་ལས་ལྷག་པའི་སྒོ་ནས་ཕྱོགས་སོ་སོའི་སྟོབས་ཤུགས་སྐུལ་སློང་བྱེད་པ་དང་སྤྱི་ཚོགས་ཧྲིལ་བོའི་རོགས་སྐྱོར་འདྲིལ་ཤུགས་ཆགས་པར་བྱས་ཏེ། ཉམ་ཞན་ལ་རོགས་སྐྱོར་བྱེད་མཁན་ཡོད་པ་དང་། དཀའ་ཁག་ཅན་ལ་རོགས་རམ་ཐོབ་པ། རོགས་རམ་བྱེད་དགོས་པར་དགོས་ངེས་ཀྱི་རོགས་རམ་ཐོབ་པར་བྱས་ཏེ། དཀའ་ཁག་ཆེ་བའི་མང་ཚོགས་ཀྱི་འཚོ་བའི་མ་མཐའི་འགན་སྲུང་བྱ་བ་བཟང་བོར་བསྒྲུབས་པ་དང་། ཧུར་ཐག་སྒོས་མི་དམངས་ལ་བདེ་སྐྱིད་བསྐྲུན་པ་དང་མི་རིགས་བསྐྱར་དར་བརྩོན་ལེན་བྱེད་དགོས་ཞེས་གསུངས། 

རྒྱལ་སྲིད་ཨུ་ཡོན་ཝང་ཡུང་གྲོས་ཚོགས་ལ་ཞུགས་ནས་གཏམ་བཤད་སྤེལ། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།