ཀྲུང་གོ་བོད་ཀྱི་དྲ་བ།

རྗེས་ཕྱོགས་ཀྱི་ལོ་ངོ20ཡི་རིང་ལ་རྒྱ་མཚོར་བཞུར་བའི་སྤོས་འགྱིག་ལྡབ་གཉིས་ཀྱིས་ཇེ་མང་དུ་འགྲོ་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2020-08-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་རིའི་ཕི་ཡིའུ་དགེ་སྒྲུབ་ཐེབས་རྩ་ཚོགས་པ་དང་ཁོར་ཡུག་སྲུང་སྐྱོབ་ཞིབ་འཇུག་གི་རིག་མཛོདSYSTEMIQནང་ཉེ་སྔོན་བསྒྲགས་པའི་ཞིབ་འཇུག་སྙན་ཞུ་ལས་མངོན་པ་ལྟར་ན། གལ་ཏེ་སྤོས་འགྱིག་གང་སར་འདོར་བའི་བྱ་སྤྱོད་བཀག་འགོག་མ་བྱས་ན། རྗེས་ཕྱོགས་ཀྱི་ལོ་ངོ20ཡི་ནང་རྒྱ་མཚོར་བཞུར་བའི་འགྱིག་ཤོག་གི་སྤྱི་འབོར་ལྡབ་གཉིས་ཀྱིས་ཇེ་མང་དུ་འགྲོ་རྒྱུ་རེད།

ལུའུ་ཐུའུ་གསར་འགྱུར་ཁང་གིས་སྤེལ་བའི་གསར་འགྱུར་ལྟར་ན།གལ་ཏེ་བྱེད་ཐབས་གང་ཡང་མ་སྤྱད་ན། རྗེས་ཕྱོགས་ཀྱི་ལོ་ངོ20ཡི་རིང་ལ་ལོ་རེར་རྒྱ་མཚོར་བཞུར་བའི་སྤོས་འགྱིག་དེ་ད་ལྟའི་སྤྱི་ཏུན་ཁྲི1100ནས་སྤྱི་ཏུན་ཁྲི2900ལ་འཕར་བ་དང་། བསྡོམས་པས་རྒྱ་མཚོ་ནས་སྤོས་འགྱིག་སྤྱི་ཏུན་དུང་ཕྱུར6ཙམ་ཕྱིར་འབུད་རྒྱུ་ཡིན་པས། སའི་གོ་ལ་ཧྲིལ་པོའི་མཚོ་རྒྱུད་དུ་སྨི་གཅིག་གི་བར་དུ་སྤོས་འགྱིག་ཧ་ལམ་སྤྱི་རྒྱ50ཙམ་ཡོད།

སྙན་ཞུའི་ནང་མཚམས་སྦྱོར་བྱས་པ་ལྟར་ན། རྒྱལ་ཁབ་སོ་སོའི་སྲིད་གཞུང་དང་ཁེ་ལས་ཀྱིས་འགྱིག་ཁུག་བེད་སྤྱོད་བྱེད་གྲངས་ཇེ་ཉུང་དུ་གཏོང་རྒྱུ་ཁས་ལེན་བྱས་ཡོད་མོད། འོན་ཀྱང་ཁས་ལེན་དེ་དག་གིས2040ལོར་ཐོན་དུས་རྒྱ་མཚོའི་ནང་བཞུར་བའི་འགྱིག་ཤོག7%ཇེ་ཉུང་དུ་གཏོང་ཐུབ་པ་ཙམ་རེད། གཞན་ཡང་འཛམ་གླིང་དུ་པྲོག་གསར་རིམས་ནད་བྱུང་བའི་དབང་གིས་སྤྱོད་ཐེངས་གཅིག་ཅན་གྱི་འགྱིག་ཤོག་འཛད་སྤྱོད་བྱེད་ཚད་འཛམ་གླིང་ཡོངས་ཀྱི་ཁྱབ་ཁོངས་སུ་ཆེས་ཆེར་འཕར་ཡོད།

རྒྱ་མཚོའི་སྤོས་འགྱིག་སྦགས་བཙོག་གི་གནད་དོན་ཐག་གཅོད་བྱེད་ཆེད།ཞིབ་འཇུག་སྙན་ཞུའི་ནང་བྱེད་ཐབས8བཏོན་ཡོད་པ་དང་།དེའི་ནང་ཤོག་བུ་བེད་སྤྱོད་དང་འབེབས་རུང་བའི་རྒྱུ་ཆ་ཡིས་སྤོས་འགྱིག་གི་ཚབ་བྱེད་པ་དང་། སྤོས་འགྱིག་གི་སྙིགས་རོ་ཕྱིར་གཏོང་བྱེད་ཚད་ཉུང་དུ་གཏོང་བ། ཡོང་འབབ་དམའ་བའི་རྒྱལ་ཁབ་ཏུ་སྤོས་འགྱིག་བེད་མེད་དངོས་རོ་ཚུར་སྡུད་ཚད་མཐོ་རུ་གཏོང་བ།ཚད་གཞི་དང་བསྟུན་པའི་ཐོན་རྫས་དང་ཐུམ་སྒྲིལ་འཆར་འགོད་ལ་དོ་སྣང་བྱེད་པ་སོགས་འདུས་ཡོད།བྱེད་ཐབས་མི་སྤྱོད་པ་དང་བསྡུར་ན།བྱེད་ཐབས་འདི་དག་གིས2040ལོའི་སྔོན་དུ་འཛམ་གླིང་ཡོངས་སུ་རྒྱ་མཚོར་བཞུར་བའི་སྤོས་འགྱིག80%ཇེ་ཉུང་དུ་གཏོང་ཐུབ།

འགྱིག་ཤོག་སྦགས་བཙོག་གིས་མི་ཚང་མར་ཤུགས་རྐྱེན་ཐེབས་པ་དེ་ནི“ཁྱོད་ཀྱི་གནད་དོན་དང་ངའི་གནད་དོན”ཙམ་མིན་ལ། “རྒྱལ་ཁབ་ཅིག་གི་གནད་དོན”ཡང་མིན་པར། དེ་ནི་ཚང་མའི་གནད་དོན་རེད། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།