ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཀྲུང་གོའི་མི་དམངས་ཉེན་རྟོག་དཔུང་སྡེ་ལ་དར་ཆ་གནངས་ཏེ་ཞུ་ཚིག་ཕུལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-08-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1598489343564943.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོའི་མི་དམངས་ཉེན་རྟོག་པར་དར་ཆ་གནང་བའི་མཛད་སྒོ་ཚེས་ཉེར་དྲུག་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་འཚོགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོའི་མི་དམངས་ཉེན་རྟོག་དཔུང་སྡེ་ལ་དར་ཆ་གནངས་ཏེ་ཞུ་ཚིག་ཕུལ་མ་ཟད། ཏང་ཀྲུང་དབྱང་གི་ཚབ་མཛད་དེ་མི་དམངས་ཉེན་རྟོག་པ་ཡོངས་ལ་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས། ཁོང་གིས་ནན་གྱིས་བསྟན་དོན། རང་རྒྱལ་གྱི་མི་དམངས་ཉེན་རྟོག་པ་ནི་རྒྱལ་ཁབ་ཀྱི་བདེ་སྲུང་སྲིད་འཛིན་དང་ཉེས་དོན་ཁྲིམས་འཛིན་གྱི་སྟོབས་ཤུགས་གལ་ཆེན་ཡིན་པ་དང་། ལས་འགན་གཙོ་བོ་ནི་རྒྱལ་ཁབ་ཀྱི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པ་དང་། སྤྱི་ཚོགས་བདེ་འཇགས་སྒྲིག་ལམ་ལ་སྲུང་སྐྱོབ་བྱེད་པ། སྤྱི་དམངས་ཀྱི་ལུས་ཕུང་བདེ་འཇགས་དང་རང་དབང་། ཁྲིམས་མཐུན་རྒྱུ་ནོར་བཅས་ལ་སྲུང་སྐྱོབ་བྱེད་པ། སྤྱི་བའི་རྒྱུ་ནོར་ལ་སྲུང་སྐྱོབ་བྱས་ཏེ། ཁྲིམས་འགལ་ནག་ཉེས་སྔོན་འགོག་དང་ཆད་གཅོད་བཅོས་སྐྱོང་བྱེད་རྒྱུ་དེ་ཡིན། ལོ་རྒྱུས་ཀྱི་ཆ་རྐྱེན་གསར་བའི་འོག རང་རྒྱལ་གྱི་མི་དམངས་ཉེན་རྟོག་པ་ཏང་ལ་བློ་དཀར་བ་དང་མི་དམངས་ལ་ཞབས་འདེགས་ཞུ་བ། དྲང་བདེན་གྱིས་བཅའ་ཁྲིམས་ལག་བསྟར་བྱེད་པ། སྒྲིག་ལམ་བརྩི་སྲུང་ནན་མོ་བྱེད་པ། བློ་གཅིག་སེམས་གཅིག་གིས་མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་བདེ་སྐྱིད་ཀྱི་ཚོར་བ། བདེ་འཇགས་ཚོར་བ་བཅས་ཇེ་དྲག་ཏུ་གཏོང་བར་འབད་འབུངས་བྱེད་དགོས་ལ། ཏང་དང་མི་དམངས་ཀྱིས་བསྩལ་བའི་འགན་འཁྲིའི་ལས་འགན་མཐའ་གཅིག་ཏུ་ཡོངས་འགྲུབ་བྱེད་དགོས། 

སྔ་དྲོའི་དུས་ཚོད་བཅུ་དང་སྐར་མ་སུམ་ཅུའི་སྟེང་། དར་ཆ་གནངས་པའི་མཛད་སྒོ་དངོས་སུ་མགོ་བརྩམས་པ་དང་། ཚོགས་ར་ཡོངས་ཀྱིས་སྐད་གསེང་མཐོན་པོས་རྒྱལ་གླུ་བླངས། 

ཞི་ཅིན་ཕིང་གིས་སོ་སོར་སྤྱི་བདེ་པུའུ་ཡི་པུའུ་ཀྲང་། སྤྱི་ཁྱབ་ཉེན་རྟོག་ལྟ་སྐུལ་བ་ཀྲའོ་ཁི་ཀྲི་དང་། རྒྱལ་ཁབ་བདེ་འཇགས་པུའུ་ཡི་པུའུ་ཀྲང་། སྤྱི་ཁྱབ་ཉེན་རྟོག་ལྟ་སྐུལ་བ་ཁྲིན་ཝུན་ཆིན་གཉིས་ལ་དར་ཆ་གནངས། ཀྲའོ་ཁི་ཀྲི་དང་ཁྲིན་ཝུན་ཆིན་གཉིས་ཀྱིས་ཞི་ཅིན་ཕིང་ལ་གུས་འདུད་ཞུས་ཏེ། ཞི་ཅིན་ཕིང་གི་ལག་ནས་ཀྲུང་གོའི་མི་དམངས་ཉེན་རྟོག་པའི་དར་ཆ་བླངས་ཏེ་ཚོགས་ར་ཡོངས་སུ་དར་ཆ་བསྟན་པས། ཚོགས་ར་ཧྲིལ་བོའི་མི་དམངས་ཉེན་རྟོག་པས་ཉེན་རྟོག་པའི་དར་ཆར་གཟབ་ནན་གྱིས་གུས་འདུད་ཞུས། 

དེའི་རྗེས་སུ་ཞི་ཅིན་ཕིང་གིས་ཞུ་ཚིག་ཕུལ། ཁོང་གིས་བསྟན་དོན། དུས་ཡུན་རིང་བོར་ཏང་གི་མགོ་ཁྲིད་འོག རང་རྒྱལ་གྱི་མི་དམངས་ཉེན་རྟོག་པས་དམིགས་འབེན་འགན་འཁྲི་ཡིད་ལ་དམ་པོར་བཟུང་སྟེ་བློ་སེམས་རྣམ་པར་དག་པའི་སྒོ་ནས་ལས་འགན་ལག་བསྟར་བྱས་པ་དང་། སྤོབས་པ་ཆེན་པོས་བྱ་བ་བསྒྲུབ་འགན་ཁུར། རང་སྲོག་བློས་གཏོང་སྤོབས་པའི་སྙིང་སྟོབས་བཟུང་སྟེ། རྒྱལ་ཁབ་བདེ་འཇགས་དང་སྤྱི་ཚོགས་གཏན་འཇགས། མི་དམངས་ཁེ་ཕན་བཅས་ལ་སྲུང་སྐྱོབ་བྱེད་པའི་ཐད་བྱས་རྗེས་གལ་ཆེན་བཞག ལག་ལེན་ལས་རང་རྒྱལ་གྱི་མི་དམངས་ཉེན་རྟོག་པ་ནི་ཏང་དང་མི་དམངས་ཀྱིས་བློ་གཏད་རུང་བའི་འཐབ་འཛིང་ནུས་པ་དྲག་པོ་ལྡན་པའི་དཔུང་སྡེ་ཞིག་ཡིན་པ་བདེན་དཔང་བྱས་ཡོད། 

ཞི་ཅིན་ཕིང་གིས་མི་དམངས་ཉེན་རྟོག་དཔུང་སྡེ་ལ་རེ་བ་བཞི་བཏོན་ཡོད་དེ། གཅིག་ནི་ཏང་ལ་བློ་དཀར་བ་དང་། གཉིས་ནི་མི་དམངས་ལ་ཞབས་འདེགས་ཞུ་བ། གསུམ་ནི་དྲང་བདེན་གྱིས་ཁྲིམས་འཛིན་པ། བཞི་ནི་སྒྲིག་ལམ་བརྩི་སྲུང་ནན་མོ་བྱེད་པ་བཅས་རེད། 

དར་ཆ་གནངས་པའི་མཛད་སྒོའི་སྟེང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཝང་ཧུའུ་ཉིང་གིས་ཀྲུང་གུང་ཀྲུང་དབྱང་གི་ཀྲུང་གོའི་མི་དམངས་ཉེན་རྟོག་དཔུང་སྡེ་ལ་ཀྲུང་གོའི་མི་དམངས་ཉེན་རྟོག་པའི་དར་ཆ་གནངས་པའི་འབྲེལ་ཡོད་ཆོད་དོན་སྒྲོག་འདོན་མཛད། 

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་མཛད་སྒོར་ཞུགས། 

དར་ཆ་གནངས་པའི་མཛད་སྒོར་ཞུགས་པའི་མི་དམངས་ཉེན་རྟོག་པས་མཉམ་དུ་དམ་བཅའ་བཞག

གོ་ཧྲིན་ཁོན་གྱིས་མཛད་སྒོར་མགོ་འཛིན་བྱས་པ་དང་། ཏེན་ཞོའེ་ཞང་དང་ཀྲང་ཡུག་ཞ། ཁྲིན་ཞི། ཀྲིག་ཆང་། ཀྲང་ཅོན་བཅས་མཛད་སྒོར་ཞུགས། ཀྲུང་དབྱང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་ཀྱང་མཛད་སྒོར་ཞུགས། 

ཀྲུང་གོའི་མི་དམངས་ཉེན་རྟོག་པའི་དར་ཆ་དེ་ཁ་དོག་དམར་སྔོ་གཉིས་ཀྱིས་གྲུབ་ཡོད་པ་དང་། ཁ་དོག་གཙོ་བོ་དམར་པོ་ཡིན་ལ། ཉེན་རྟོག་པའི་རྟགས་ནི་དར་ཆའི་གཡོན་ངོས་ཀྱི་གྲུ་ཁར་ཡོད་པ་རེད། ཉེན་རྟོག་པའི་དར་ཆ་ནི་མི་དམངས་ཉེན་རྟོག་དཔུང་སྡེའི་མཚོན་རྟགས་གལ་ཆེན་ཞིག་ཡིན་པ་དང་། མི་དམངས་ཉེན་རྟོག་པའི་གཟི་བརྗིད་དང་འགན་འཁྲི། ལས་འགན་བཅས་ཀྱི་མཚོན་བྱེད་ཡིན་པ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།