ཀྲུང་གོ་བོད་ཀྱི་དྲ་བ།

སྤྱི་ཚོགས་ཀྱི་རོགས་སྐྱོབ་ལམ་ལུགས་སྒྱུར་བཅོས་དང་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གི་བསམ་འཆར་བཀྲམ་པ།

ཡོང་ཁུངས། : མི་དམངས་དྲ་བ།     སྤེལ་དུས། : 2020-08-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《སྤྱི་ཚོགས་ཀྱི་རོགས་སྐྱོབ་ལམ་ལུགས་སྒྱུར་བཅོས་དང་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར》བཀྲམ་པ་དང་འབྲེལ་བརྡ་ཐོ་བཏང་ནས་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

《སྤྱི་ཚོགས་ཀྱི་རོགས་སྐྱོབ་ལམ་ལུགས་སྒྱུར་བཅོས་དང་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར》གྱི་ནང་དོན་གཙོ་བོ་གཤམ་གསལ། དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བ་དང་ལྟོ་གོས་ཀྱི་བདེ་སྡུག་དང་འབྲེལ་བ་ཡོད་པའི་སྤྱི་ཚོགས་ཀྱི་རོགས་སྐྱོབ་ནི།

 གཞི་རྩའི་དམངས་འཚོ་འགན་ལེན་དང་། སྤྱི་ཚོགས་གཞུང་དྲང་ལ་སྐུལ་འདེད་གཏོང་བ། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བཅས་ཀྱི་ཐ་སྐྱོང་རང་བཞིན་དང་རྨང་གཞིའི་རང་བཞིན་ལམ་ལུགས་ཀྱི་བཀོད་སྒྲིག་ཞིག་རེད་ལ། རང་རེའི་ཏང་གིས་བློ་གཅིག་སེམས་གཅིག་ངང་མི་དམངས་ལ་ཞབས་འདེགས་ཞུ་བའི་རྩ་བའི་དམིགས་ཡུལ་གྱི་གཅིག་སྡུད་མངོན་ཚུལ་ཞིག་ཀྱང་རེད། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ཕྱོགས་ཡོངས་ནས་ལག་བསྟར་དང་། སྤྱི་ཚོགས་རོགས་སྐྱོབ་མ་ལག་སྤྱི་འདོམས་འཕེལ་རྒྱས་གཏོང་བ། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ། གཞི་རྩའི་དམངས་འཚོ་འགན་ལེན་གྱི་མཐའ་ཚད་ལ་དམ་འཛིན་ཏན་ཏིག་བཅས་བྱ་ཆེད་ད་ཆ་སྤྱི་ཚོགས་རོགས་སྐྱོབ་ལམ་ལུགས་སྒྱུར་བཅོས་དང་འཐུས་སྒོ་ཚང་དུ་གཏོང་བའི་ཐད་གཤམ་གསལ་གྱི་བསམ་འཆར་འདོན་རྒྱུ་སྟེ།

རིམ་པ་མང་བའི་རོཌ་སྐྱོབ་མ་ལག་སྐྲུན་དགོས། མ་མཐའི་འཚོ་བ་འགན་ལེན་དང་། དམིགས་བསལ་དཀའ་ངལ་ཡོད་པ། ཡོང་འབབ་དམའ་བའི་ཁྱིམ་ཚང་བཅས་ཀྱི་གཏན་འཁེལ་བྱེད་ཐབས་འཐུས་སྒོ་ཚང་དུ་གཏོང་དགོས། མཉམ་དུ་འཚོ་བ་སྐྱེལ་མཁན་ནང་མིའི་མི་རེའི་ཆ་སྙོམས་ཡོང་འབབ་ས་གནས་ཀྱི་འཚོ་བའི་འགན་ལེན་ཚད་གཞི་ལས་དམའ་བ་ཡོད་པ་དང་རྒྱུ་ནོར་གྱི་གནས་ཚུལ་གཏན་འབེབས་དང་འཚམ་པའི་ཁྱིམ་ཚང་ལ་མ་མཐའི་འཚོ་བ་འགན་ལེན་མཁོ་འདོན་བྱེད་དགོས། ངལ་རྩོལ་ནུས་ཤུགས་མེད་པ་དང་། འཚོ་བའི་ཡོང་ཁུངས་མེད་པ། ཁྲིམས་གཏན་གྱི་འཚོ་སྐྱོང་དང་གསོ་མཁན་མི་སྣའམ་ཡང་ན་ཁྲིམས་གཏན་འཁེལ་བའི་འོས་འགན་མི་སྣས་འོས་འགན་གྱི་ནུས་པ་འཁུར་ཐབས་བྲལ་བའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྒན་རྒོན་དང་། དབང་པོ་སྐྱོན་ཅན། ན་སོ་དར་ལ་མ་བབས་པའི་མི་བཅས་ལ་དམིགས་བསལ་དཀའ་ངལ་ཅན་གྱི་རོགས་སྐྱོབ་བསྙེན་བཀུར་བྱེད་དགོས། དེ་དང་ཆབས་ཅིག་དགོས་མཁོ་དངོས་ལ་གཞིགས་ནས། སྨན་བཅོས་དང་། སྡོད་ཁང་། སློབ་གསོ། ལས་ཞུགས་སོགས་ཆེད་དོན་སྤྱི་ཚོགས་རོགས་སྐྱོབ་མཁོ་འདོན་འོས་འཚམ་བྱེད་དགོས། མ་མཐའི་འཚོ་བ་འགན་ལེན་ནམ་ཡང་ན་དམིགས་བསལ་དཀའ་ངལ་གྱི་བསྙེན་བཀུར་གྱི་ཆ་རྐྱེན་དང་མི་འཚམ་པའི་ཡོང་འབབ་དམའ་བའི་ཁྱིམ་ཚང་དང་འགྲོ་སོང་མང་པོ་གཏོང་དགོས་པའི་དབང་གིས་གཞི་རྩའི་འཚོ་བར་དཀའ་ངལ་ཚབས་ཆེན་འཕྲད་པའི་ཁྱིམ་ཚང་ལ། དགོས་མཁོ་དངོས་གཞིར་བཟུང་སྨན་བཅོས་དང་། སྡོད་ཁང་། སློབ་གསོ། ལས་ཞུགས་སོགས་ཆེད་དོན་སྤྱི་ཚོགས་རོགས་སྐྱོབ་མཁོ་འདོན་འོས་འཚམ་བྱེད་པའམ་ཡང་ན་དགོས་ངེས་ཀྱི་རོགས་སྐྱོབ་བྱེད་ཐབས་གཞན་ལག་བསྟར་བྱེད་དགོས། ཐོལ་བྱུང་གི་དོན་རྐྱེན་དང་། བསམ་ཡུལ་ལས་འདས་པའི་རྨས་སྐྱོན་ཕོག་པ། རིམས་ནད་ཆེན་པོ། འགོ་ནད་ཀྱི་རིམས་ནད་གནས་ཚུལ་སོགས་སྤྱི་པའི་འཕྲོད་བསྟེན་གྱི་ཐོལ་བྱུང་དོན་རྐྱེན་གྱི་ཤུགས་རྐྱེན་ཕོག་པའམ་ཡང་ན་དམིགས་བསལ་རྒྱུ་རྐྱེན་གཞན་དབང་གིས་གཞི་རྩའི་འཚོ་བ་གནས་སྐབས་དཀའ་ངལ་གྱི་གནས་སུ་གྱར་བའི་ཁྱིམ་ཚང་ངམ་ཡང་ན་མི་སྒེར་དང་དེ་བཞིན་གནས་སྐབས་དཀའ་ངལ་འཕྲད་པ་དང་འཚོ་བ་ཆགས་ས་རྟེན་ས་མེད་པའི་མི་ལ་སྤྱི་ཚོགས་ཀྱི་རོགས་སྐྱོབ་མཁོ་འདོན་བྱེད་དགོས་པ་དང་རང་བྱུང་གི་གནོད་འཚེ་ཕོག་པར་གནོད་འཚེ་ཕོག་མཁན་ལ་རོགས་སྐྱོབ་བྱེད་དགོས།

སྤྱི་ཚོགས་རོགས་སྐྱོབ་བྱེད་ཐབས་གསར་གཏོད་བྱེད་དགོས། ཞབས་ཞུའི་རིགས་ཀྱི་སྤྱི་ཚོགས་རོགས་སྐྱོབ་འཕེལ་རྒྱས་ཧུར་ཐག་བཏང་ནས“དངོས་པོ+ཞབས་ཞུའི”རོགས་སྐྱོབ་བྱེད་ཐབས་ཆགས་པར་བྱེད་དགོས། སྲིད་གཞུང་གིས་ཞབས་འདེགས་ཉོ་སྒྲུབ་བྱས་ཏེ་སྤྱི་ཚོགས་རོགས་སྐྱོབ་ཁྱིམ་ཚང་ཁྲོད་ཀྱི་འཚོ་བ་རང་རྐྱ་མ་འཕེལ་བའི་རྒན་རྒོན་དང་། ན་སོ་དར་ལ་མ་བབས་པའི་མི། དབང་པོ་སྐྱོན་ཅན་སོགས་ལ་དགོས་ངེས་ཀྱི་འཚམས་འདྲི་ལྟ་ཞིབ་དང་ལྟ་རྟོག་གི་ཞབས་འདེགས་ཞུ་དགོས། ཆེད་ལས་སྤྱི་ཚོགས་ལས་དོན་གྱི་ཞབས་འདེགས་ལ་ཤུགས་སྣོན་བརྒྱབ་ནས་རོགས་རམ་དང་རོགས་སྐྱོབ་བྱ་ཡུལ་དབར་ཁྱིམ་ཚང་དང་སྤྱི་ཚོགས་ཀྱི་རྒྱབ་སྐྱོར་དྲ་བ་སྐྲུན་དགོས། དབང་པོ་སྐྱོན་ཅན་ཚབས་ཆེན་དང་། ནད་གཞི་ལྕི་བ། རྒན་རྒོན། ན་སོ་དར་ལ་མ་བབས་པའི་མི་སོགས་དམིགས་བསལ་དཀའ་ངལ་ཅན་གྱི་ཚོགས་སྤྱིའི་རོགས་སྐྱོབ་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་བ་དང་དཀའ་ངལ་གྱི་རིགས་དང་ཚད་གཞི་གཞིར་བཟུང་རིག་དབྱེ་ཅན་དང་ཧེ་བག་ཅན་གྱི་སྒོ་ནས་རོགས་སྐྱོབ་ལག་བསྟར་བྱེད་དགོས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།