ལིས་ཁི་ཆང་རྫ་ཆུ་དང་མེ་ཀུང་གཙང་པོའི་མཉམ་ལས་ཀྱི་མགོ་ཁྲིད་པའི་གྲོས་ཚོགས་ཐེངས་གསུམ་པར་ཞུགས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་ཚེས་ཉེར་བཞི་ཉིན་གྱི་སྔ་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་རྫ་ཆུ་དང་མེ་ཀུང་གཙང་པོའི་མཉམ་ལས་ཀྱི་མགོ་ཁྲིད་པའི་བརྙན་རིས་གྲོས་ཚོགས་ཐེངས་གསུམ་པར་ཞུགས། ལའོ་ཝའོ་ཡི་ཙུང་ལི་ཐུང་ལོན་དང་། ཁམ་ཕུ་ཁྲེའི་དབུ་བཞུགས་བློན་ཆེན་ཧུང་སིན། འབར་མའི་ཙུང་ཐུང་ཝུན་མེན། ཐེ་གོའི་ཙུང་ལི་པཱ་ཡུས། ཡོ་ནན་གྱི་ཙུང་ལི་རོན་ཁྲོན་ཕུའུ་བཅས་གྲོས་ཚོགས་ལ་ཞུགས་ཡོད། 

ལིས་ཁི་ཆང་གིས་བསྟན་དོན། རྫ་ཆུའི་མཉམ་ལས་དེ་ཆུ་དང་བསྟུན་ནས་བྱུང་ཞིང་། རྫ་ཆུའམ་མེ་ཀུང་གཙང་བོའི་འགྲམ་བརྒྱུད་ཀྱི་རྒྱལ་ཁབ་དྲུག་གིས་གཙང་པོ་འཐུང་ཆུར་བྱེད་བཞིན་ཡོད་པས་ཁྱིམ་ཚང་གཅིག་ལྟ་བུའི་བརྩེ་མདངས་ཡོད། ཅང་མ་འགོར་བའི་སྔོན་དུ་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་ཁབ་སོ་སོས་ཧུར་ཐག་སྒོས་སྔར་ལས་བཟོད་སྒོམ་ལྡན་པའི་འཛམ་གླིང་ཧྲིལ་བོའི་བཅོས་སྐྱོང་དང་། སྔར་ལས་ཕན་ནུས་ལྡན་པའི་ཕྱོགས་མང་རྐྱེན་སྲོལ། སྔར་ལས་ལེགས་པའི་ས་ཁོངས་མཉམ་ལས་ཀྱི་རྣམ་པ་ཆགས་སུ་འཇུག་དགོས་པའི་གྲོས་འགོ་བཏོན་པ་རེད། 

ལིས་ཁི་ཆང་གིས་བསྟན་དོན། རྫ་ཆུའམ་མེ་ཀུང་གཙང་བོའི་རྐྱེན་སྲོལ་བཙུགས་ནས་ལོ་བཞི་ལྷག་འགོར་བའི་རིང་ལ། མཉམ་ལས་འཕེལ་རྒྱས་མྱུར་མོ་བྱུང་སྟེ་ས་ཁུལ་འཕེལ་རྒྱས་ལ་གསོན་ཤུགས་གསར་པ་བསྣན་ཡོད། རྒྱལ་ཁབ་ཁག་གི་མི་དམངས་ལ་མིག་མཐོང་ལག་ཟིན་གྱི་ཁེ་ཕན་བསྐྲུན་ཡོད། 

ལིས་ཁི་ཆང་གིས་རྫ་ཆུ་དང་མེ་ཀུང་གཙང་པོའི་མཉམ་ལས་ལ་ཤུགས་སྣོན་བྱེད་པའི་ཐད་གྲོས་གཞི་དྲུག་བཏོན་པ་སྟེ། གཅིག་ནས་ཀྲུང་གོའི་ཕྱོགས་ཀྱིས་ད་ལོ་ནས་བཟུང་མེ་ཀུང་གཙང་པོའི་རྒྱལ་ཁབ་བར་རྫ་ཆུའི་ལོ་ཧྲིལ་པོའི་ཆུ་དཔྱད་ཆ་འཕྲིན་མཉམ་སྤྱོད་བྱེད་རྒྱུ་དང་། དུས་བཅད་ལྟར་ཆུའི་ཐོན་ཁུངས་མཉམ་ལས་ཀྱི་པུའུ་ཀྲང་རིམ་པའི་ཚོགས་འདུ་དང་ཆུའི་ཐོན་ཁུངས་མཉམ་ལས་གླེང་སྟེགས་སྤེལ་ནས་ཆུའི་ཐོན་ཁུངས་མཉམ་ལས་གཟི་མདངས་རྒྱས་པར་བྱེད་དགོས།  གཉིས་ནས་རྫ་ཆུ་དང་མེ་ཀུང་གཙང་པོའི་མཉམ་ལས་དེ་རྒྱལ་སྤྱིའི་སྐམ་མཚོ་ཉོ་ཚོང་གི་བགྲོད་ལམ་གསར་པ་དང་སྦྲེལ་མཐུད་བྱེད་པ་དང་། ས་ཁུལ་གྱི་མྱུར་བགྲོད་རྒྱུ་ལམ་དང་ལྗང་མདོག་རྒྱུ་ལམ་གྱི་དྲ་རྒྱ་འཛུགས་སྐྲུན་གང་ལེགས་བྱས་ནས། མི་སྣ་འགྲོ་འོང་དང་དངོས་ཟོང་འཁོར་རྒྱུག་བྱེད་པར་བདེ་བཟོ་དགོས། གསུམ་ནས་རྒྱུན་མཐུད་འཕེལ་རྒྱས་ཀྱི་མཉམ་ལས་གཏིང་ཟབ་ཏུ་བཏང་ནས་རྫ་ཆུ་དང་མེ་ཀུང་གཙང་བོའི་གྲུབ་འབྲས་བཟང་བའི་རྣམ་གྲངས་མང་བོ་ལག་བསྟར་གང་ལེགས་བྱེད་དགོས། བཞི་ནས་སྤྱི་བའི་འཕྲོད་བསྟེན་མཉམ་ལས་ཀྱི་ཤུགས་ཚད་ཇེ་ཆེར་བཏང་ནས། ཀྲུང་གོ་ཕྱོགས་ཀྱི་རིམས་ནད་ཀྱི་འགོག་སྨན་གསར་པ་ཞིབ་འཇུག་གསར་བཟོ་བྱས་ནས་བཀོལ་སྤྱོད་བྱས་རྗེས། མེ་ཀུང་གཙང་པོའི་རྒྱལ་ཁབ་དག་སྔོན་ལ་མཁོ་འདོན་བྱེད་རྒྱུ་ཡིན། ལྔ་ནས་དམངས་འཚོའི་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱས་ནས་རྫ་ཆུ་དང་མེ་ཀུང་གཙང་པོའི་མཉམ་ལས་ཀྱིས་གཞི་རིམ་གྱི་དམངས་ཚོགས་ལ་ཕན་པ་ཐོབ་པར་བྱེད་དགོས། དྲུག་ནས་སྒོ་འབྱེད་བསྟུན་མཁས་ཀྱི་འདུ་ཤེས་ལག་ལེན་དུ་བསྟར་ནས་རྫ་ཆུ་དང་མེ་ཀུང་གཙང་པོའི་མཉམ་ལས་དང་ས་ཁོངས་ཀྱི་ལམ་སྲོལ་གཞན་དག་བར་གྱི་བརྗེ་རེས་མཉམ་ལས་ལ་སྐུལ་འདེད་གཏོང་དགོས། 

ཚོགས་ཞུགས་མགོ་ཁྲིད་པས་རྫ་ཆུ་དང་མེ་ཀུང་གཙང་པོའི་མཉམ་ལས་ལས་ཐོབ་པའི་ཕུན་སུམ་ཚོགས་པའི་གྲུབ་འབྲས་ལ་ཚད་མཐོའི་གདེང་འཇོག་གནང་། ལིས་ཁི་ཆང་གིས་བཏོན་པའི་མཉམ་ལས་ཀྱི་གྲོས་གཞིར་ཚང་མ་ཡིད་འཐད་བྱུང་།  ཀྲུང་གོ་ཕྱོགས་དང་མཉམ་དུ་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས་ས་ཁོངས་དཔལ་འབྱོར་གཞི་གཅིག་ཅན་ལ་སྐུལ་འདེད་གཏོང་བ་དང་། ཕན་ནུས་ལྡན་པའི་ཕྱོགས་མང་རིང་ལུགས་སྲུང་སྐྱོང་བྱེད་འདོད་ཡོད་ཟེར། 

འབར་མ་རྒྱལ་ཁབ་ཀྱིས་སྐབས་རྗེས་མའི་རྫ་ཆུ་དང་མེ་ཀུང་གཙང་པོའི་མཉམ་ལས་ཀྱི་ཐུན་མོང་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་ཁུར་བ་དང་། ཚོགས་འདུའི་ཐོག་ཝན་ཞང་བསྒྲགས་གཏམ་དང་། རྫ་ཆུ་དང་མེ་ཀུང་གཙང་པོའི་མཉམ་ལས་དང་རྒྱལ་སྤྱིའི་སྐམ་མཚོ་ཚོང་དོན་གྱི་བགྲོད་ལམ་གསར་པའི་སྦྲེལ་མཐུད་མཉམ་ལས་སྐོར་གྱི་ཐུན་མོང་ཀྲུའུ་ཞིའི་གསལ་བསྒྲགས་སྤེལ་བ་རེད། 

ཧི་ལི་ཧྥུན་སོགས་ཚོགས་འདུར་ཞུགས།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།