ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཨན་ཧོས་ཞིང་ཆེན་དུ་རྟོག་ཞིབ་མཛད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-08-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉེ་སྔོན་ཨན་ཧོས་ཞིང་ཆེན་དུ་རྟོག་ཞིབ་མཛད་སྐབས་ནན་གྱིས་བསྟན་དོན། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་ལེན་དངོས་འབེབ་བྱེད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་ལེན་བྱས་ཏེ། གཏན་འཇགས་ཁྲོད་ནས་ཡར་ཐོན་བརྩོན་པའི་བྱ་བའི་སྤྱིའི་རྣམ་པ་རྒྱུན་འཁྱོངས་དང་། བཅོས་བསྒྱུར་སྒོ་འབྱེད་རྒྱུན་འཁྱོངས། སྤུས་ཚད་མཐོ་བའི་འཕེལ་རྒྱས་རྒྱུན་འཁྱོངས་བཅས་བྱས་ཏེ། མཁོ་འདོན་གྱི་གྲུབ་ཚུལ་རང་བཞིན་གྱི་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་། མཁྲེགས་གཏོར་ཆེན་མོ་གསུམ་དམ་འཛིན་དང་གཏན་འཇགས་དྲུག་གི་བྱ་བ་བཟང་བོར་བསྒྲུབས་པ། འགན་སྲུང་དྲུག་གི་ལས་འགན་དངོས་འབེབ་བྱེད་པ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པ་དང་དབུལ་ཐར་མཁྲེགས་གཏོར་གྱི་རྒྱལ་ཁ་ལོན་པར་བྱེད་པ། རྒྱལ་ནང་གི་འཁོར་སྐྱོད་ཆེན་མོ་གཙོ་བྱས་པ་དང་རྒྱལ་ནང་དང་རྒྱལ་སྤྱིའི་འཁོར་སྐྱོད་ཀྱིས་ཕན་ཚུན་སྐུལ་འདེད་གཏོང་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་འཛུགས་པའི་ཁྲོད་གྲུབ་འབྲས་སྔར་ལས་ཆེན་པོ་ལོན་པར་བྱས་ཏེ། མཛེས་སྡུག་གི་ཨན་ཧོས་འཛུགས་སྐྲུན་བྱེད་པའི་ཐད་ནས་གྲུབ་འབྲས་གསར་བ་སྔར་ལས་ཆེན་པོ་ལེན་དགོས་ཞེས་གསུངས། 

ཟླ་བརྒྱད་པའི་ཚེས་བཅོ་བརྒྱད་ཉིན་ནས་ཚེས་ཉེར་གཅིག་ཉིན་བར། ཞི་ཅིན་ཕིང་གིས་ཨན་ཧོས་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་ལིས་ཅིན་པེན་དང་ཧྲིན་ཀྲང་ལིས་གོ་དབྱིན་གཉིས་ཀྱི་འགྲོ་རོགས་འོག སྔ་གཞུག་ཏུ་ཧྥུན་དབྱང་དང་། མཱ་ཨན་ཧྲན། ཧི་ཧྥེ་སོགས་ས་ཁུལ་གྱི་ཆུ་ལོག་གནོད་འཚེའི་སྔོན་འགོག་གི་ཡུལ་དངོས་དང་པོ་དང་ཞིང་སྡེ། ཁེ་ལས། གསར་བརྗེའི་རྗེས་དྲན་ཁང་སོགས་སུ་ཕེབས་ཏེ། གནོད་ཐེབས་མང་ཚོགས་དང་ཆུ་ལོག་གནོད་འཚེའི་སྔོན་འགོག་བྱེད་པའི་ཡུལ་དངོས་དང་པོའི་མི་སྣར་འཚམས་འདྲི་མཛད། རྒྱུན་རྣམ་ཅན་གྱི་རིམས་ནད་འགོག་བཅོས་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་བྱ་བར་གཅིག་གྱུར་བཀོད་འདོམ་དང་སྐུལ་འདེད་གཏོང་བ་དང་། ཆུ་ལོག་གནོད་འཚེ་སྔོན་འགོག་དང་གནོད་ཐེབས་རྗེས་ཀྱི་བསྐྱར་འཛུགས་བྱ་བར་ཤུགས་སྣོན་བྱེད་པ། ཟུར་གསུམ་གཞི་གཅིག་ཅན་གྱི་འཕེལ་རྒྱས་ལ་ཡར་སྐུལ་བྱེད་པ། ལོ་ལྔའི་འཆར་གཞི་བཅོ་ལྔ་བའི་སྐབས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་འགོད་བྱ་བ་བཅས་ལ་རྟོག་ཞིབ་མཛད། 

ཚེས་བཅོ་བརྒྱད་ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་ཐོག་མར་ཧྥུན་དབྱང་གྲོང་ཁྱེར་ཧྥུན་ནན་རྫོང་ཝང་ཅཱ་རགས་ཁར་ཕེབས་ཏེ་། ཨན་ཧོས་ཞིང་ཆེན་གྱི་ཆུ་ལོག་སྔོན་འགོག་བྱ་བ་དང་ཝང་ཅཱ་རགས་ཁའི་ཆུ་ལོག་ཚོད་འཛིན་བྱས་པའི་གནས་ཚུལ་མཚམས་སྦྱོར་བྱས་པར་གསན། དེའི་རྗེས་སུ་ཞི་ཅིན་ཕིང་ཉེ་འདབས་ཀྱི་ཧོང་ལིང་ཁུག་སྒམ་ཚད་ཡོད་ཀུང་ཟིར་ཕེབས་ནས། ཧྥུན་ནན་རྫོང་གིས་ལས་ཞུགས་དབུལ་སྐྱོར་སྤེལ་བ་དང་གནོད་འཚེ་དབང་གིས་དབུལ་ཕོངས་སུ་འགྱུར་བར་སྔོན་འགོག་བྱེད་པའི་གནས་ཚུལ་ལ་རྒྱུས་ལོན་མཛད་པར་མ་ཟད། འཁོར་ཁང་གི་ཐོན་སྐྱེད་ལས་རིམ་ལ་གཟིགས་ཞིབ་མཛད་པ་དང་ལས་བཟོ་བའི་བར་གསུང་གླེང་མཛད། ཁོང་གིས་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་རོགས་སྐྱོར་ཤུགས་ཚད་ཇེ་ཆེར་བཏང་སྟེ། ཁེ་ལས་དག་དཀའ་ཁག་ལས་ཐར་བར་རོགས་རམ་བྱེད་པ་དང་གནོད་ཐེབས་མང་ཚོགས་དང་དབུལ་ཕོངས་མང་ཚོགས་ཀྱི་ལས་ཞུགས་ལ་འགན་སྲུང་བྱེད་དགོས་པའི་ཐུགས་རེ་བཏོན། 

དེའི་རྗེས་སུ་ཞི་ཅིན་ཕིང་ཞི་ཐེན་ཕའོ་ཀྲོང་ཐེ་རུ་ཕེབས་ཏེ། སྡེ་བའི་རྣམ་པ་གསར་བར་གཟིགས་ཞིབ་མཛད་པ་དང་སྡེ་མིའི་ཁྱིམ་ཚང་དུ་སོང་ནས། ཁོ་ཚོའི་ཁྱིམ་ཚང་གི་ཡོང་འབབ་དང་གནོད་ཐེབས་གྱོང་གུད། ཐོན་སྐྱེད་སླར་གསོ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་མཛད། ཞི་ཅིན་ཕིང་གིས་བསྟན་དོན། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་རྒྱལ་ཁབ་ཀྱི་གཏན་འཁེལ་ལྟར། གང་མགྱོགས་སྒོས་འབྲེལ་ཡོད་ཁ་གསབ་མ་དངུལ་དངོས་འབེབ་བྱེད་པ་དང་། མ་མཐའི་འགན་སྲུང་སོགས་རོགས་སྐྱོར་བྱེད་ཐབས་བཏོན་ནས། གནོད་ཐེབས་མང་ཚོགས་ཀྱི་གཞི་རྩའི་འཚོ་བར་གནོད་པ་མི་ཐེབས་པར་བྱེད་དགོས་པར་བསྟན། 

ཚེས་བཅུ་དགུ་ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་གིས་མཱ་ཨན་ཧྲན་གྲོང་ཁྱེར་དུ་རྟོག་ཞིབ་མཛད། ཞོས་ཅཱ་ཝ་སྐྱེ་ཁམས་ར་བ་དེ་འབྲི་ཆུའི་འགྲམ་བརྒྱུད་དུ་ཆགས་ཡོད་པས། ཞི་ཅིན་ཕིང་གིས་མཱ་ཨན་ཧྲན་གྲོང་ཁྱེར་གྱི་འབྲི་ཆུའི་འགྲམ་བརྒྱུད་ཀྱི་ཕྱོགས་བསྡུས་བཅོས་སྐྱོང་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་སླར་གསོ། འབྲི་ཆུའི་ལོ་ངོ་བཅུའི་རིང་ཉ་འཛིན་གཏན་འགོག་སོགས་བྱ་བ་དངོས་འབེབ་བྱས་པའི་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཏུ་མཛད་པར་མ་ཟད་གཙང་འགྲམ་དུ་ཕེབས་ནས་འབྲི་ཆུའི་རྣམ་པ་དང་གཙང་འགྲམ་གྱི་སྐྱེ་ཁམས་ཁོར་ཡུག་ལ་གཟིགས་ཞིབ་མཛད། ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་དཔལ་འབྱོར་འཕེལ་རྒྱས་ནི་འགལ་ཟླར་གྱུར་བའི་འབྲེལ་བ་ཞིག་མ་ཡིན་པར་རྩོད་སྒྲུབ་གཅིག་གྱུར་གྱི་འབྲེལ་བ་ཡིན། སྐྱེ་ཁམས་སྲུང་སྐྱོབ་བཟང་བོ་བྱས་ནས་སྐྱེ་ཁམས་ཁྱད་སྟོབས་འདོན་སྤེལ་བྱས་ན། ད་གཟོད་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་ཐུབ་ཅེས་གསུངས། 

མཱ་ཨན་ཧྲན་གྲོང་ཁྱེར་ནི་རྣོ་ལྕགས་དབང་གིས་གྲུབ་པ་དང་རྣོ་ལྕགས་དབང་གིས་དར་རྒྱས་སུ་སོང་། ཞི་ཅིན་ཕིང་ཀྲུང་གོའི་པའོ་ཝུའུ་མཱ་ཨན་ཧྲན་རྣོ་ལྕགས་སྡེ་ཚོགས་སུ་ཕེབས་ནས་ཁེ་ལས་ཀྱི་ཐོན་སྐྱེད་ཚོང་གཉེར་གནས་ཚུལ་ལ་རྒྱུས་ལོན་མཛད་པར་མ་ཟད་ཐོན་རྫས་གཙོ་བོའི་འགྲེམ་སྟོན་ལ་གཟིགས་ཞིབ་མཛད། 

ཚེས་བཅུ་དགུ་ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་ཧི་ཧྥེ་གྲོང་ཁྱེར་གྱི་ཧྥེ་ཏུང་རྫོང་འབྲེལ་རགས་བཅོ་བརྒྱད་ཀྱི་སྐྱེ་ཁམས་བརླན་སའི་ཆུ་གསོག་ས་ཁུལ་གྱི་ཁྲའོ་ཧུའུ་ཆུ་རགས་ཆེན་མོར་རྟོག་ཞིབ་བྱས་ཤིང་། ཁྲའོ་ཧུའུ་ཉེ་འཁོར་གྱི་རགས་ཁ་གཙོ་བོའི་ཆུ་ལོག་ཕྱིར་གཏོང་དང་ཉེ་འཁོར་བརླན་སའི་ཆུ་གསོག ཁྲའོ་ཧུའུ་ཕྱོགས་བསྡུས་བཅོས་སྐྱོང་གནས་ཚུལ་སྐོར་གྱི་སྙན་ཞུ་ལ་ཉན་པ་དང་། ཆུ་ལོག་སྔོན་འགོག་དང་ཆུ་རགས་སྲ་བརྟན་དུ་བཏང་བའི་གནས་ཚུལ་ལ་རྒྱུས་ལོན་མཛད། 

ཆུ་རགས་སྟེང་ནས་ཞི་ཅིན་ཕིང་གིས་ཆུ་ལོག་གནོད་འཚེ་སྔོན་འགོག་འཐབ་རྩོད་ཁྲོད་རང་སྲོག་བློས་བཏང་བའི་བློ་མཐུན་གྱི་ཁྱིམ་མི་དང་། ཆུ་ལོག་སྔོན་འགོག་གི་ལས་ཡུལ་དང་པོའི་མི་སྣ། དཔེ་སྟོན་སྔོན་ཐོན་འཐུས་མི། ཆུ་ལོག་སྔོན་འགོག་ཉེན་སྐྱོབ་ལ་ཞུགས་པའི་དམག་དཔུང་གི་དཔོན་དམག་བཅས་ལ་སྙིང་ཉེ་བའི་འཚམས་འདྲི་མཛད།

ཏུའུ་ཅང་འཐབ་འཁྲུག་གི་རྗེས་དྲན་ཁང་ཁྲའོ་ཧུའུ་མཚོ་འགྲམ་དུ་གནས་ཤིང་། ལོ་ངོ་དོན་གཅིག་གི་ཡར་སྔོན་དུ། མི་དམངས་མང་ཚོགས་ཀྱི་རོགས་སྐྱོར་ཆེན་མོའི་འོག མི་དམངས་བཅིངས་འགྲོལ་དམག་གིས་འབྲི་ཆུའི་རབས་ཁ་བརྒལ་ནས་རྒྱལ་ཡོངས་བཅིངས་འགྲོལ་བྱེད་པར་ཆ་རྐྱེན་བཟང་བོ་བསྐྲུན་ཡོད། ཞི་ཅིན་ཕིང་གིས་རྗེས་དྲན་ཁང་ལ་གཟིགས་ཞིབ་མཛད་དེ་གསར་བརྗེའི་ལོ་རྒྱུས་དེར་ཕྱིར་དྲན་མཛད། ཁོང་གིས་ནན་གྱིས་བསྟན་དོན། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་རྒྱ་ཆེར་སྤེལ་བ་དང་། མི་རྣམས་ཀྱིས་ཅིའི་ཕྱིར་ལོ་རྒྱུས་དང་མི་དམངས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་གདམ་གསེས་བྱས་པ་དང་། ཅིའི་ཕྱིར་ངེས་པར་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བགྲོད་ལམ་དུ་ཞུགས་པ་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པར་རྒྱུས་ལོན་ཟབ་མོ་བྱེད་དུ་འཇུག་དགོས་ཞེས་གསུངས། 

ཚེས་ཉེར་གཅིག་ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་གིས་ཨན་ཧོས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་སྙན་ཞུར་གསན་པ་དང་། ཨན་ཧོས་ཞིང་ཆེན་གྱིས་བྱ་བ་སོ་སོའི་ཐད་ནས་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་མཛད་པར་མ་ཟད། ཨན་ཧོས་ཞིང་ཆེན་གྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་སྔར་ལས་ལྷག་པའི་སྒོ་ནས་བསམ་བློ་བཅིངས་འགྲོལ་དང་འབད་འཐབ་ཡར་བརྩོན་བྱས་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པ་དང་། ཕྱོགས་ཡོངས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་གསར་བ་མགོ་རྩོམ་པར་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས་པའི་རེ་བ་བཏོན། 

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། མིག་སྔར་ཆུ་ལོག་གནོད་འཚེ་སྔོན་འགོག་གི་ལས་འགན་སྔར་བཞིན་དཀའ་ཚེགས་ཆེ་བས། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་དཀའ་ངལ་ལ་མི་འཛེམ་པ་དང་བསྟུད་མར་འབད་འཐབ་བྱེད་པའི་སྙིང་སྟོབས་དར་སྤེལ་བྱས་ཏེ། ཆུ་ལོག་གནོད་འཚེ་སྔོན་འགོག་དང་གནོད་ཐེབས་རྗེས་ཀྱི་བསྐྱར་འཛུགས་བྱ་བ་བཟང་བོར་བསྒྲུབས་ནས། གནོད་ཐེབས་ཁེ་ལས་ཀྱི་ཐོན་ལས་སླར་གསོ་བྱེད་པར་རྒྱབ་སྐྱོར་བྱེད་དགོས་ཟེར། 

ཞི་ཅིན་ཕིང་གིས་བསྟན་དོན། འཕེལ་རྒྱས་ཀྱི་དུས་རིམ་རང་བཞིན་གྱི་ཁྱད་ཆོས་གསར་བ་དང་རེ་བ་གསར་བ་ཁོང་དུ་ཆུད་པར་བྱེད་པ་དང་། ཕུལ་བྱུང་དངོས་ཕུང་དཔལ་འབྱོར་བཟང་བོར་བསྒྲུབ་པ་བརྩོན་པའི་ཁ་ཕྱོགས་གཙོ་བོར་རྒྱུན་འཁྱོངས་བྱས་ཤིང་། ཕྱོགས་གཅིག་ནས་སྲོལ་རྒྱུན་ཐོན་ལས་ཀྱི་ལེགས་བསྒྱུར་རིམ་འཕར་དམ་འཛིན་པ་དང་། ཕྱོགས་གཅིག་ནས་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་འཕེལ་རྒྱས་སུ་གཏོང་བ་དམ་འཛིན་བྱས་ཏེ། བཟོ་སྐྲུན་ལས་རིགས་དེ་གྲངས་ལྡན་ཅན་དང་དྲ་རྒྱ་ཅན། རིག་ནུས་ཅན་དུ་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བཏང་ནས། ཐོན་ལས་མུ་འབྲེལ་མཁོ་འདོན་གྱི་གཏན་འཇགས་རང་བཞིན་དང་དེང་རབས་ཅན་གྱི་ཆུ་ཚད་ཇེ་མཐོར་གཏོང་དགོས། ནང་མཁོ་རྒྱ་བསྐྱེད་པའི་འཐབ་ཇུས་ཀྱི་གནད་དེ་དམ་འཛིན་བྱས་ནས་ཧུར་ཐག་སྒོས་འཕེལ་རྒྱས་ཀྱི་རྣམ་པ་གསར་བར་ཆགས་པའི་ནུས་ལྡན་ཐབས་ལམ་འཚོལ་ཞིབ་བྱེད་དགོས། འཛམ་གླིང་གི་རིམ་པ་དང་པོར་དམིགས་ནས་མདུན་གྲལ་གྱི་འཚོལ་ཞིབ་དང་སྔོན་དཔག་ལྡན་པའི་བཀོད་སྒྲིག་ལ་ཤུགས་སྣོན་བྱས་ཏེ། གནད་འགག་ལག་རྩལ་གཙོ་བོའི་མཁྲེགས་གཏོར་ཤུགས་ཚད་ཇེ་ཆེར་གཏོང་དགོས་ཞེས་གསུངས། 

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། མི་དམངས་གཙོར་འཛིན་པའི་འཕེལ་རྒྱས་བསམ་བློ་བརྟན་པོར་ཆགས་པ་དང་། དམངས་འཚོའི་བཟོ་སྐྲུན་ལ་སྐུལ་འདེད་གཏོང་བ། ཁེ་ལས་ཀྱི་རོགས་སྐྱོར་དང་ཁུར་བོ་ཇེ་ཡང་དུ་གཏོང་བ། ལས་གནས་གཏན་འཇགས་ཡོང་བ། ལས་ཞུགས་རྒྱ་བསྐྱེད་པ་བཅས་ཀྱི་རྒྱབ་སྐྱོར་རང་བཞིན་གྱི་བྱེད་ཐབས་མང་བོ་བཏོན་ནས། མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་དང་ཞིང་བ་ལས་བཟོ་བ། དམག་དཔུང་ལས་ཕྱིར་བུད་པའི་དམག་མི། གནོད་ཐེབས་མང་ཚོགས་བཅས་ཀྱི་ལས་ཞུགས་བྱ་བ་གནད་སར་བཟུང་ནས་བཟང་བོར་བསྒྲུབ་དགོས་ལ། ཁེ་ལས་ཀྱི་དཀའ་ཁག་སེལ་བའི་སྲིད་ཇུས་དངོས་འབེབ་གང་ལེགས་བྱས་ཏེ་ཚོང་ར་གཙོ་བོའི་གསོན་ཤུགས་སྲུང་སྐྱོབ་དང་སྐུལ་སྤེལ་བྱེད་དགོས། ཏང་གི་སློབ་གསོའི་བྱེད་ཕྱོགས་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཀུན་སྤྱོད་བཟང་བོ་ཆགས་སུ་འཇུག་པའི་གཞི་རྩའི་ལས་དོན་དངོས་འབབ་བྱས་ནས་སློབ་གསོའི་འདྲ་མཉམ་ལ་སྐུལ་འདེད་གཏོང་དགོས། ད་ཡོད་ཀྱི་དབུལ་སྐྱོར་སྲིད་ཇུས་སྤྱི་ཕྱོགས་ནས་གཏན་འཇགས་ཡོང་བ་སྲུང་འཛིན་བྱས་ནས་མུ་མཐུད་དུ་ཕྱོགས་ཡོངས་དབུལ་ཐར་དང་ཞིང་སྡེའི་དར་རྒྱས་ནུས་ལྡན་གྱིས་སྦྲེལ་མཐུད་བྱས་ཏེ་དབུལ་ཕོངས་ས་ཁུལ་དེ་ཕྱོགས་ཡོངས་ནས་དར་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས། རིམས་ནད་ཀྱི་འགོག་སྲུང་གསོ་བཅོས་རྐྱེན་སྲོལ་འཐུས་ཚང་དུ་བཏང་སྟེ་སྤྱི་བའི་འཕྲོད་བསྟེན་འཕྲལ་སྒྲུབ་དོ་དམ་མ་ལག་ཁ་ཚང་དུ་འཛུགས་དགོས། སྤྱི་ཚོགས་བཅོས་སྐྱོང་དང་ཞབས་ཞུའི་གཙོ་གནད་གཞི་རིམ་ལ་ཁ་གཏད་དེ་གཞི་རིམ་གྱི་སྤྱི་ཚོགས་བདེ་སྲུང་གི་ཕྱོགས་བསྡུས་བཅོས་སྐྱོང་འཐུས་ཚང་དུ་གཏོང་དགོས་ཞེས་གསུངས། 

ཞི་ཅིན་ཕིང་གིས་བསྟན་དོན། མི་དམངས་ནི་ང་ཚོའི་ཏང་གི་སྲིད་འཛིན་རྨང་གཞི་ཡིན། པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་རྒོལ་འཐབ་རྩོད་ལས་ང་ཚོ་ཏང་གིས་ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་ཆེད་དུ་སྲིད་འཛིན་དགོས་པ་དང་། མི་དམངས་ལ་བརྟེན་ནས་སྲིད་འཛིན་བྱས་ན་ཕྱོགས་གང་ཡིན་ནས་རྒྱལ་ཁ་ལོན་ཐུབ་པ་ཡང་བསྐྱར་བདེན་དཔང་བྱས་ཡོད། རིམ་པ་སོ་སོའི་མགོ་ཁྲིད་ཚན་ཆུང་དང་མགོ་ཁྲིད་ལས་བྱེད་པས་ཏང་གི་དམིགས་འབེན་ལག་ལེན་དུ་བསྟར་བ་དང་། མང་ཚོགས་ཀྱི་ལྟ་བ་བརྟན་པོར་ཆགས་སུ་བཅུག་སྟེ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་གཏན་འགོག་བྱེད་དགོས། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པར་ཕུགས་འདུན་དང་འདུ་ཤེས་བརྟན་པོ་ཆགས་སུ་འཇུག་པར་སྣེ་ཁྲིད་བྱས་ཤིང་། རྒྱུན་ཆད་མེད་པར་ཆབ་སྲིད་ཀྱི་བདེན་རྫུན་གསལ་འབྱེད་ཐུབ་པ་དང་ཆབ་སྲིད་ཀྱི་གཏན་ཤུགས་སྲུང་འཛིན། ཆབ་སྲིད་རྣམ་པར་ཁ་ལོ་བྱེད་པ། ཆབ་སྲིད་ཉེན་ཁ་སྔོན་འགོག་བྱེད་པ་བཅས་ཀྱི་ནུས་པ་ཇེ་མཐོར་གཏོང་དགོས། རུལ་སུངས་ལ་ངོ་རྒོལ་བྱེད་པར་གཏན་འགོག་ས་ཁུལ་མེད་པ་དང་ཕྱོགས་ཡོངས་ལ་ཁྱབ་ཅིང་བཟོད་སྒོམ་གཏན་ནས་མེད་པ་རྒྱུན་འཁྱོངས་སྒོས་རུལ་སུངས་བྱེད་མི་སྤོབས་པ་དང་རུལ་སུངས་བྱེད་མི་རུང་བ། རུལ་སུངས་བྱེད་མི་འདོད་པའི་རྐྱེན་སྲོལ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། ཕྱོགས་ཡོངས་ནས་ཏང་སྐྱོང་ནན་མོ་བྱེད་པ་དེ་གཞི་རིམ་གྱི་ལས་ཡུལ་དང་པོ་དང་མང་ཚོགས་ཀྱི་ཉེ་སར་རྒྱུན་བསྲིང་ནས། ལུགས་བཟང་དར་སྤེལ་དང་ཆབ་སྲིད་དག་གཙང་འབྱུང་བ་མངོན་འགྱུར་བྱེད་དགོས་ཞེས་གསུངས། 

ཏེན་ཞོས་ཞང་དང་ལིའུ་ཧི། ཁྲིན་ཞེ། ཝང་ཡུང་། ཧི་ལི་ཧྥུན། དེ་མིན་ཀྲུང་དབྱང་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་གྱིས་མཉམ་དུ་རྟོག་ཞིབ་བྱས་པ་དང་། ཀྲང་ཡུག་ཞཱ་འབྲེལ་ཡོད་བྱ་འགུལ་ལ་ཞུགས། 

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།