ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཕཱ་ཁི་སི་ཐན་གྱི་ཙུང་ཐུང་ལ་ངག་འཕྲིན་བསྐུར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-08-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བརྒྱད་པའི་ཚེས་ཉེར་གཅིག་ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕཱ་ཁི་སི་ཐན་གྱི་ཙུང་ཐུང་ཨ་ཨར་ཝེ་ལ་ངག་འཕྲིན་བསྐུར། 

ཞི་ཅིན་ཕིང་གིས་ངག་འཕྲིན་ཁྲོད་བསྟན་དོན། ཙུང་ཐུང་ཨ་ཨར་ཝེ་ཡིས་ཆེད་དུ་འཕྲིན་ཡིག་བསྐུར་ནས་ཀྲུང་གོ་དང་ཕཱ་ཁི་སི་ཐན་གྱི་དཔལ་འབྱོར་བར་ཁྱམས་ཀྱི་སྲིད་ཏང་མཉམ་གྲོས་རྐྱེན་སྲོལ་གྱི་གྲོས་ཚོགས་ཐེངས་གཉིས་པ་བསྡུས་པར་རྟེན་འབྲེལ་ཞུས། དེ་ལས་ཀྲུང་གོ་དང་ཕཱ་ཁི་སི་ཐན་གྱི་འབྲེལ་བ་དང་ཀྲུང་གོ་དང་ཕཱ་ཁི་སི་ཐན་གྱི་དཔལ་འབྱོར་བར་ཁྱམས་འཛུགས་སྐྲུན་བྱེད་པར་མཐོང་ཆེན་དང་རྒྱབ་སྐྱོར་བྱེད་པ་མངོན་པར་མཚོན་ཡོད། བདག་གིས་དོན་དེར་གཟེངས་བསྟོད་བྱེད་བཞིན་ཡོད་ཅེས་གསུངས། 

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ཕཱ་ཁི་སི་ཐན་བར་དམིགས་བསལ་གྱི་གྲོགས་པོའི་མཛའ་བརྩེ་ལྡན་པའི་གྲོགས་པོ་བཟང་བོ་ཡིན། ཀྲུང་གོ་དང་ཕཱ་ཁི་སི་ཐན་གྱི་དཔལ་འབྱོར་བར་ཁྱམས་ནི་བརྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་གྱི་མཚོན་རྟགས་རང་བཞིན་ལྡན་པའི་ལས་གཞི་ཡིན་པ་དང་། ཀྲུང་གོ་དང་ཕཱ་ཁི་སི་ཐན་གྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་གཏིང་ཟབ་ཏུ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བ་དང་། སྔར་ལས་དམ་ཟབ་ཀྱི་ཀྲུང་གོ་དང་ཕཱ་ཁི་སི་ཐན་གྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པར་དོན་སྙིང་གལ་ཆེན་ལྡན། ཀྲུང་གོ་དང་ཕཱ་ཁི་སི་ཐན་གྱི་སྲིད་ཏང་གིས་རྒྱུན་པར་མཛའ་མཐུན་གྲོས་མོལ་སྤེལ་བཞིན་ཡོད་པ་དང་། རྒྱུན་ཆད་མེད་པར་ཆབ་སྲིད་ཀྱི་ཐུན་མོང་ལྟ་ཚུལ་བཀོད་ན། བར་ཁྱམས་ཀྱི་འཛུགས་སྐྲུན་གཏན་འཇགས་ཡོང་བ་དང་སྤུས་ཚད་མཐོ་བའི་སྒོ་ནས་བརྒྱུད་གཅིག་ལམ་གཅིག་མཉམ་འཛུགས་བྱེད་པར་སྐུལ་འདེད་གཏོང་བར་ཕན་ཐོགས་ཡོད་ཞེས་གསུངས། 

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ཚུན་ལ། འཛམ་གླིང་ཡོངས་ཀྱི་རིམས་ནད་འགོག་རྒོལ་གྱི་ལག་ལེན་ལས་རྒྱལ་ཁབ་སོ་སོས་ཕན་ཚུན་རྒྱབ་སྐྱོར་དང་མཐུན་སྒྲིལ་མཉམ་ལས་བྱས་ན་ད་གཟོད་རིམས་ནད་ལས་རྣམ་པར་རྒྱལ་ཐུབ་པའི་འཇིག་རྟེན་ཆོས་ཉིད་བདེན་དཔང་གང་ལེགས་བྱས་ཡོད། ཀྲུང་གོའི་ཕྱོགས་ཀྱིས་ཕཱ་ཁི་སི་ཐན་ཕྱོགས་དང་མཉམ་དུ་ལས་སྐལ་གཅིག་མཐུན་ཚོགས་པ་གཏིང་ཟབ་ཏུ་འཛུགས་སྐྲུན་དང་མཉམ་དུ་ས་ཁུལ་རང་གི་རྒྱལ་ཁབ་དག་གི་མཐུན་སྒྲིལ་མཉམ་ལས་ལ་ཡར་སྐུལ་བཏང་སྟེ། ས་ཁུལ་རང་གི་ཞི་བདེ་འཕེལ་རྒྱས་ཀྱི་རྣམ་པ་བཟང་བོར་སྲུང་སྐྱོབ་བྱེད་འདོད་ཡོད་ཅེས་གསུངས། 

དེའི་སྔོན་ཨ་ཨར་ཝེ་ཡིས་ཀྲུང་གོ་དང་ཕཱ་ཁི་སི་ཐན་གྱི་དཔལ་འབྱོར་བར་ཁྱམས་ཀྱི་སྲིད་ཏང་མཉམ་གྲོས་རྐྱེན་སྲོལ་གྱི་གྲོས་ཚོགས་ཐེངས་གཉིས་པར་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བཏང་ནས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་པའི་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་དང་བརྒྱུད་གཅིག་ལམ་གཅིག་འདོད་བློ་ཡིས་མཉམ་ལས་དང་ཞི་བདེ། འཕེལ་རྒྱས་བཅས་ཀྱི་བདེན་པ་རྒྱས་འགྲེལ་ཟབ་མོ་བྱས་ཡོད་ལ། དེ་ལས་འཛམ་གླིང་ཡོངས་ཀྱི་ཡོངས་ཁྱབ་རེ་འདོད་མངོན་པར་མཚོན་ཡོད། ང་ཡིས་ཀྲུང་གོས་ཕཱ་ཁི་སི་ཐན་ལ་པྲོག་གསར་གློ་ཚད་རིམས་ནད་ཀྱི་ཤུགས་རྐྱེན་ཆེན་པོ་ཐེབས་པའི་སྐབས་སུ་དུས་ལྟར་ཕཱ་ཁི་སི་ཐན་ལ་སྨན་བཅོས་རོགས་སྐྱོར་འདོན་སྤྲོད་བྱས་པར་བཀའ་དྲིན་ཞུ་བཞིན་ཡོད། ཕཱ་ཁི་སི་ཐན་ཕྱོགས་ཀྱིས་མུ་མཐུད་དུ་ཀྲུང་གོའི་བར་གྱི་རིག་གནས་བརྗེ་རེས་དང་ཡིད་ཆེས་ཇེ་དྲག་ཏུ་གཏོང་བ་དང་། ཀྲུང་གོའི་བར་ཐུན་མོང་དམིགས་འབེན་རྒྱུན་འཁྱོངས་བྱས་ཏེ་མཉམ་དུ་ས་ཁུལ་གྱི་ཞི་བདེ་དང་གཏན་འཇགས་ལ་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར། 

ཀྲུང་གོ་དང་ཕཱ་ཁི་སི་ཐན་གྱི་དཔལ་འབྱོར་བར་ཁྱམས་ཀྱི་སྲིད་ཏང་མཉམ་གྲོས་རྐྱེན་སྲོལ་ནི་ཀྲུང་གོའི་གུང་ཁྲན་ཏང་དང་ཕཱ་ཁི་སི་ཐན་གྱི་སྲིད་ཏང་གཙོ་བོས་ཉིས་སྟོང་བཅུ་དགུ་ལོར་བཙུགས་པ་ཡིན་ལ། ཟླ་བརྒྱད་པའི་ཚེས་ཉི་ཤུ་ཉིན་ཀྲུང་གུང་ཀྲུང་དབྱང་ཕྱི་ཕྱོགས་འབྲེལ་གཏུག་པུའུ་ཡིས་གཙོ་སྒྲུབ་བྱས་པའི་ཀྲུང་གོ་དང་ཕཱ་ཁི་སི་ཐན་གྱི་དཔལ་འབྱོར་བར་ཁྱམས་ཀྱི་སྲིད་ཏང་མཉམ་གྲོས་རྐྱེན་སྲོལ་གྱི་གྲོས་ཚོགས་ཐེངས་གཉིས་པ་བརྙན་རིས་ཀྱི་རྣམ་པས་སྤེལ་བ་རེད། 

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།