ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་སྲིད་གྲོས་ཀྱིས་གཟའ་འཁོར་ཟུང་གི་གྲོས་མོལ་བཞུགས་མོལ་ཚོགས་འདུ་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-08-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གཟའ་འཁོར་ཟུང་གི་གྲོས་མོལ་བཞུགས་མོལ་ཚོགས་འདུ་ཐེངས་སོ་དགུ་བ་ཚེས་ཉེར་གཅིག་ཉིན་པེ་ཅིང་ནས་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་གྲོས་ཚོགས་ལ་མགོ་འཛིན་མཛད། ཁོང་གིས་ནན་གྱིས་བསྟན་དོན། ནན་ཏན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཆུའི་བཅོས་སྐྱོང་བྱ་བའི་སྐོར་གྱི་དཔྱད་བརྗོད་གལ་ཆེན་ལ་སློབ་སྦྱོང་དང་གོ་བ་ཟབ་མོ་ལེན་པ་དང་། ཆུས་དགོས་མཁོ་ཐག་གཅོད་བྱེད་པ་ནི་རང་རྒྱལ་གྱི་ཆུའི་བཅོས་སྐྱོང་གི་འདུ་ཤེས་ཀྱི་བཅོས་བསྒྱུར་གལ་ཆེན་ཞིག་ཡིན་པར་ངེས་ཤེས་གསལ་བོ་རྙེད་པ་དང་། གཏན་འཇགས་ཁྲོད་ཡར་ཐོན་བརྩོན་པ་དང་ཕྱོགས་བསྡུས་ཇུས་བསྟར་རྒྱུན་འཁྱོངས་བྱེད་པ། སྲིད་གཞུང་དང་ཚོང་ར་ཕྱོགས་གཉིས་ནས་ཤུགས་འདོན་པ་རྒྱུན་འཁྱོངས་བྱེད་པ། ཆུ་གྲོན་ཆུང་བྱེད་པ་གཙོར་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། ཆུའི་བཀོལ་བྱེད་ཐབས་དེ་རྩིང་ལས་ཕན་ནུས་དམའ་བ་ནས་གྲོན་ཆུང་ལེགས་བསྡུས་ཞིབ་གཉེར་ཅན་དུ་བསྒྱུར་བར་སྐུལ་འདེད་བཏང་ནས། ཀྲུང་ཧྭ་མི་རིགས་ཀྱི་རྒྱུན་མཐུད་འཕེལ་རྒྱས་ཐད་གཞོགས་འདེགས་བརྟན་པོ་འདོན་སྤྲོད་བྱེད་དགོས་ཟེར། 

ཨུ་ཡོན་དང་ཆེད་མཁས་པ་བཅུ་གཅིག་གིས་ཆུས་དགོས་མཁོ་ཐག་གཅོད་བྱེད་པའི་ཁྲིམས་སྐྱོང་འགན་སྲུང་དང་སྲིད་ཇུས་རྒྱབ་སྐྱོར། ལྟ་རྟོག་དོ་དམ་མ་ལག ཚོང་རའི་རྐྱེན་སྲོལ་ནུས་པ་འདོན་སྤེལ་བྱེད་པ་སོགས་ལ་དམིགས་ནས་བློ་འདོན་ཇུས་འབུལ་བྱས། ཨུ་ཡོན་བརྒྱད་ཅུ་ལྷག་གིས་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་གྱི་སྤོ་སྒུལ་འགན་ནུས་ལག་བསྟར་སྟེགས་བུའི་སྟེང་བསམ་འཆར་སྤེལ། ཚང་མས་བལྟས་ན། ཉེ་བའི་ལོ་འགའི་རིང་ལ། ས་ཁུལ་སོ་སོ་དང་འབྲེལ་ཡོད་སྡེ་ཁག་སོ་སོས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དངོས་འབེབས་བྱེད་པ་དང་། ཆུས་དགོས་མཁོ་ཐག་གཅོད་བྱེད་པའི་ཐད་བྱ་བ་མང་བོ་བསྒྲུབས་ཀྱང་། ལག་ལེན་ཁྲོད་དུ་སྔར་བཞིན་བསམ་བློའི་ངོས་འཛིན་གཅིག་གྱུར་མིན་པ་སོགས་གནད་དོན་གནས་ཡོད་ལ། མི་གྲངས་དཔལ་འབྱོར་དང་ཆུའི་ཐོན་ཁུངས་དོ་མཉམ་ཡོང་བ་མངོན་འགྱུར་བྱེད་པར་སྔར་བཞིན་ལས་འགན་ལྗིད་ཅིང་ལམ་ཐག་རིང་བར་འདོད། 

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧི་ཝེ་ཡིས་གཏམ་བཤད་གལ་ཆེན་སྤེལ། ཆུ་བེད་པུའུ་ཡི་འགན་ཁུར་བས་འབྲེལ་ཡོད་གནས་ཚུལ་མཚམས་སྦྱོར་བྱས། རྒྱལ་ཁབ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་དང་། ནོར་སྲིད་པུའུ། རང་བྱུང་ཐོན་ཁུངས་པུའུ། ཞིང་ལས་ཞིང་སྡེའི་པུའུ་བཅས་ཀྱི་འགན་ཁུར་བས་ཕན་ཚུན་བརྗེ་རེས་བྱས། 

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།