ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་དམག་དཔུང་དག་ཆུ་ལོག་གནོད་འཚེ་སྔོན་འགོག་ནང་ཞུགས་པའི་གནས་ཚུལ་སྐོར་གྱི་སྙན་ཞུར་གསན་རྗེས་མུ་མཐུད་འབད་འཐབ་བྱེད་པའི་བྱ་སྤྱོད་དར་སྤེལ་བྱས་ཏེ་ཆུ་ལོག་གནོད་འཚེ་སྔོན་འགོག་བྱེད་པའི་རྗེས་མཐུད་ལས་འགན་ཡོངས་འགྲུབ་བྱེད་དགོས་པ་ནན་གྱིས་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-08-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1597971750578920.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨན་ཧོས་ཞིང་ཆེན་གྱི་ཆུ་ལོག་གནོད་འཚེ་སྔོན་འགོག་བྱ་བར་རྟོག་ཞིབ་མཛད་བཞིན་པའི་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་ཉི་ཤུ་ཉིན་གྱི་སྔ་དྲོར་དམག་དཔུང་དག་ཆུ་ལོག་གནོད་འཚེ་སྔོན་འགོག་ནང་ཞུགས་པའི་གནས་ཚུལ་སྐོར་གྱི་སྙན་ཞུར་གསན་པ་དང་། ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཚབ་མཛད་དེ། ཆུ་ལོག་གནོད་འཚེ་སྔོན་འགོག་ནང་ཞུགས་པའི་མི་དམངས་བཅིངས་འགྲོལ་དམག་དཔུང་གི་བཀོད་འཐབ་པ་དང་། དྲག་ཆས་ཉེན་རྟོག་དམག་དཔུང་གི་དཔོན་དམག དམངས་དམག་རྗེས་གྲབས་མི་སྣ་བཅས་ལ་ལྷག་བསམ་རྣམ་དག་གིས་འཚམས་འདྲི་མཛད། ཁོང་གིས་ནན་གྱིས་བསྟན་དོན། མུ་མཐུད་འབད་འཐབ་བྱེད་པའི་བྱ་སྤྱོད་དར་སྤེལ་བྱེད་པ་དང་། ཉེན་སེལ་གནོད་འགོག་ལ་རྩ་འཛུགས་གང་ལེགས་བྱས་ཏེ། ས་གནས་ཀྱི་གནོད་ཐེབས་རྗེས་ཀྱི་བསྐྱར་འཛུགས་ཐད་རོགས་རམ་བྱས་ནས་ཆུ་ལོག་གནོད་འཚེ་སྔོན་འགོག་བྱེད་པའི་རྗེས་མཐུད་ལས་འགན་ཡོངས་འགྲུབ་བྱེད་དགོས་ཞེས་གསུངས། 

ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་མཉམ་འབྲེལ་ཇུས་འདོན་པུའུ་དང་། ཤར་ཕྱོགས་འཐབ་ཁུལ། ཨན་ཧོས་ཞིང་ཆེན་དམག་ཁུལ། དྲག་ཆས་ཉེན་རྟོག་ཨན་ཧོས་ཞིང་ཆེན་སྤྱི་ཁྱབ་རུ་ཁག་བཅས་ཀྱིས་སོ་སོར་དམག་དཔུང་དག་ཆུ་ལོག་གནོད་འཚེ་སྔོན་འགོག་ནང་ཞུགས་པའི་འབྲེལ་ཡོད་གནས་ཚུལ་སྙན་ཞུ་བྱས། བསྡོམས་རྩིས་བྱས་པ་ལྟར་ན། ད་ལོའི་ཆར་ཆུ་མོད་པའི་དུས་ཚུགས་བསླེབ་པའི་ཚུན་ལ། ཟླ་བརྒྱད་པའི་ཚེས་བཅུ་དགུ་ཉིན་བར། བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དམག་དཔུང་གིས་ཀྲུའུ་ཞིའི་མཛུབ་སྟོན་གལ་ཆེན་དང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཐབས་ཇུས་བཀོད་སྒྲིག་མཐའ་གཅིག་ཏུ་ལག་ལེན་མཐར་ཕྱིན་བྱས་ཤིང་། བསྡོམས་པས་དམག་ཤུགས་མི་ཐེངས་ས་ཡ་གཅིག་དང་འབུམ་གཉིས་ལྷག་མངག་པ་དང་། དམངས་དམག་མི་ཐེངས་འབུམ་གསུམ་ལྷག་རྩ་འཛུགས་བྱས་ཏེ། ཞིང་ཆེན་བཅུ་བདུན་གྱི་ཆུ་ལོག་གནོད་འཚེ་སྔོན་འགོག་གི་འགུལ་སྐྱོད་ནང་ཞུགས། བསྡོམས་པས་མང་ཚོགས་འབུམ་གཅིག་དང་ཁྲི་བདུན་ལྷག་བདེ་འཇགས་ས་ཁུལ་དུ་བསྐྱལ་བ་དང་། རགས་ཁ་དང་སྦུག་ལམ་སྟོང་གསུམ་དང་དགུ་བརྒྱ་ལྷག་གི་ཁ་བཅད། ཆུ་རགས་སྤྱི་ལེ་དགུ་བརྒྱ་ལྷག་ཇེ་བརྟན་དུ་བཏང་བར་མ་ཟད། གཞུང་ལམ་སྤྱི་ལེ་སུམ་བརྒྱ་དང་ལྔ་བཅུ་ལྷག་མྱུར་དུ་ཞིག་གསོ་བྱས། 

ཞི་ཅིན་ཕིང་གིས་སྙན་ཞུར་གསན་རྗེས་གསུང་བཤད་གལ་ཆེན་གནངས། ཁོང་གིས་བསྟན་དོན། ད་ལོའི་ཆར་ཆུ་མོད་པའི་དུས་ཚིགས་སུ་བསླེབ་པའི་ཚུན་ལ། རྒྱལ་ཡོངས་ཀྱི་ས་ཁུལ་མང་བོར་ཆུ་ལོག་གི་གནོད་འཚེ་ཚབས་ཆེན་བྱུང་། ཏང་ཀྲུང་དབྱང་གི་མགོ་ཁྲིད་བརྟན་པོའི་འོག འབྲེལ་ཡོད་ཕྱོགས་སོ་སོས་མཐུན་སྒྲིལ་འབད་འཐབ་བྱས་ཤིང་། གནོད་ཐེབས་ས་ཁུལ་གྱི་མི་དམངས་དང་བློ་སེམས་གཅིག་སྒྲིལ་བྱས་ཏེ། ཆུ་ལོག་གནོད་འཚེ་སྔོན་འགོག་བྱེད་པའི་འཐབ་རྩོད་ལ་དུས་རིམ་རང་བཞིན་གྱི་རྒྱལ་ཁ་ཆེན་པོ་ཐོབ་ཡོད། མི་དམངས་དམག་དཔུང་གིས་ཏང་གི་བཀོད་འདོམ་ལ་ཉན་པ་དང་བཀའ་རྒྱ་དང་ལེན་བྱས་ནས་ཉེན་ཁར་མ་འཛེམ་པར་འགུལ་སྐྱོད་སྤེལ་བ་དང་། གནད་འགག་གི་སྐབས་སུ་ཐོལ་རྒོལ་རུ་ཁག་གི་ནུས་པ་འདོན་སྤེལ་བྱས་ཡོད་ཅེས་གསུངས། 

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། དམག་དཔུང་གི་འབྲེལ་ཡོད་ལས་ཁུངས་ཀྱིས་ས་གནས་བར་གྱི་ཆུ་ལོག་གནས་ཚུལ་གྱི་བརྡར་གཅོད་དང་ཚན་རིག་དང་མཐུན་པར་དམག་དཔུང་ལ་བཀོད་སྒྲིག་ཡང་དག་བྱེད་པར་ཤུགས་སྣོན་དགོས། ལས་འགན་ཁུར་བའི་དམག་དཔུང་གིས་སེམས་ཁམས་བཟང་བོ་སྲུང་འཛིན་བྱས་ཤིང་། དུས་ལྟར་ཉེན་ཁར་རྩད་ཞིབ་བྱས་པ་དང་ཉེན་སེལ་གནོད་སྐྱོབ་ལ་རྩ་འཛུགས་གང་ལེགས་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་འགན་སྲུང་བྱེད་པ་དང་། ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་སླར་གསོ་བྱེད་པར་རོགས་རམ་བྱས། དམག་དཔུང་ལ་སློབ་གསོ་དང་དོ་དམ་ནན་མོ་བྱས་ཏེ་ཧུར་ཐག་སྒོས་རང་རེའི་དམག་དཔུང་གི་དམིགས་ཡུལ་ལག་ལེན་དུ་བསྟར་བ་དང་། མི་དམངས་དམག་དཔུང་གི་དཔལ་ཡོན་དང་གཟི་རྔམ་ལྡན་པའི་སྣང་བརྙན་བཟང་བོ་ཆགས་པར་བྱེད་དགོས། ཆུ་ལོག་གནོད་འཚེ་སྔོན་འགོག་བྱེད་སྐབས་མི་སེམས་འགུལ་བའི་སྔོན་ཐོན་དཔེ་ལེགས་མང་བོ་བྱུང་བ་དང་། སློབ་གསོའི་རྒྱུ་ཆ་བཟང་བོ་དེ་དག་བེད་སྤྱོད་གང་ལེགས་བྱས་ནས་དམག་དར་གྱི་དྲང་ཕྱོགས་ནུས་ཚད་ཆེན་པོ་གཅིག་ཏུ་འདྲིལ་དགོས་ཞེས་གསུངས། 

ཞི་ཅིན་ཕིང་གིས་ལོ་སྨད་ཀྱི་དམག་དཔུང་ཡོངས་ཀྱི་བྱ་བ་སྣ་ཚོགས་དམ་འཛིན་བྱེད་པའི་ཐད་རེ་བ་བཏོན། ཁོང་གིས་ནན་གྱིས་བསྟན་དོན། རྩ་འཛུགས་མགོ་ཁྲིད་ལ་ཤུགས་སྣོན་པ་དང་བྱ་བའི་གཙོ་གནད་འབུར་དུ་ཐོན་པ། བྱེད་ཐབས་གསར་གཏོད་བྱེད་པ། གོ་རིམ་ལྡན་པར་བྱ་བ་སྣ་ཚོགས་དངོས་འབེབ་བྱེ་པར་སྐུལ་འདེད་བཏང་སྟེ། རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྲུན་གྱི་ཉིས་སྟོང་ཉི་ཤུ་ལོའི་དམིགས་འབེན་ལས་འགན་མཐའ་གཅིག་ཏུ་མངོན་འགྱུར་དང་། ཏང་དང་མི་དམངས་ཀྱིས་བསྩལ་བའི་ལས་འགན་སྣ་ཚོགས་མཐའ་གཅིག་ཏུ་ཡོངས་འགྲུབ་བྱེད་དགོས། སེམས་ཁྲལ་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་ཆེས་མ་མཐའི་བསམ་བློ་རྒྱུན་འཁྱོངས་བྱེད་པ། སྟོབས་ཤུགས་གཅིག་སྒྲིལ་གྱིས་དམག་གྲབས་སྦྱོང་བརྡར་བྱེད་པ། གནད་དོན་ལ་འཕྲད་ན་བློ་སྤོབས་ཆེ་བ་དང་རྒྱལ་ཁ་ལོན་པར་ཁག་ཐེ་བྱེད་དགོས། རང་རེའི་དམག་དཔུང་འཛུགས་སྐྲུན་གྱི་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་འཆར་འགོད་ཀྱི་མཁྲེགས་གཏོར་དང་ལོ་ལྔའི་འཆར་གཞི་བཅུ་བཞི་བའི་འཆར་འགོད་ཀྱི་སྒྲིག་བཟོ། སྲིད་ཇུས་ལམ་ལུགས་ཀྱི་བཅོས་བསྒྱུར་སོགས་བྱ་བ་གཙོ་བོའི་ཐད་ནས་འགན་འཁྲི་དངོས་འབེབ་བྱས་ཏེ་དོན་དངོས་ཕན་འབྲས་ཐོབ་པར་འགན་སྲུང་བྱེད་དགོས། བསམ་བློའི་ཆབ་སྲིད་འཛུགས་སྐྲུན་ལ་ཤུགས་སྣོན་བྱེད་པ་དང་། གཞི་རིམ་གྱི་རྨང་གཞིའི་བྱ་བ་དམ་འཛིན་བྱེད་པ། ཁྲིམས་ལྟར་དམག་སྐྱོང་དང་དམག་སྐྱོང་ནན་མོ་བྱེད་པ་རྒྱུན་འཁྱོངས་བྱས་ནས། དམག་དཔུང་གི་ཚད་མཐོན་པའི་གཅིག་གྱུར་དང་བདེ་འཇགས། གཏན་འཇགས་བཅས་ལ་འགན་སྲུང་བྱེད་དགོས་ཞེས་གསུངས། 

ཀྲང་ཡུག་ཞ་སོགས་བྱ་འགུལ་ལ་ཞུགས།  །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།