ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་གྱིས་ཚེས་བཅོ་བརྒྱད་ཉིན་རྒྱལ་ཁབ་རྡོ་སྣུམ་དང་རང་བྱུང་སོལ་རླངས་སྦུག་དྲའི་སྡེ་ཚོགས་ཚད་ཡོད་ཀུང་ཟིར་རྟོག་ཞིབ་མཛད་པར་མ་ཟད་བཞུགས་མོལ་ཚོགས་འདུར་མགོ་འཛིན་མཛད། རྒྱལ་ཁབ་སྦུག་དྲའི་སྡེ་ཚོགས་ཀྱི་ལས་གཉེར་དང་སྦུག་དྲའི་བཅོས་བསྒྱུར་ལ་ཡར་སྐུལ་བྱེད་པ། རྡོ་སྣུམ་དང་རང་བྱུང་སོལ་རླངས་ཀྱི་ཐོན་སྐྱེད་ཕྱིར་འཚོང་མ་ལག་འཛུགས་སྐྲུན་བྱེད་པ། དགུན་ཁའི་རང་བྱུང་སོལ་རླངས་ཀྱི་མཁོ་འདོན་སོགས་གནས་ཚུལ་སྐོར་གྱི་སྙན་ཞུར་གསན།
ཧན་ཀྲིན་གྱིས་བསྟན་དོན། རྒྱལ་ཁབ་སྦུག་དྲའི་སྡེ་ཚོགས་བཙུགས་པའི་ཚུན་ལ། རྡོ་སྣུམ་དང་སོལ་རླངས་སྦུག་དྲའི་བཅོས་བསྒྱུར་བྱེད་ཐབས་སྣ་ཚོགས་ལ་གོ་རིམ་ལྡན་པར་སྐུལ་འདེད་བཏང་བ་དང་། བཅོས་བསྒྱུར་ལ་ཐོག་མའི་གྲུབ་འབྲས་མངོན་གསལ་ཐོབ་ཡོད་ལ། གྲུབ་འབྲས་དེར་ཁས་ལེན་བྱེད་པའི་རིན་ཐང་ལྡན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསར་བརྗེ་བཞི་དང་མཉམ་ལས་གཅིག་གི་ནུས་ཁུངས་བདེ་འཇགས་ཐད་ཀྱི་འཐབ་ཇུས་གསར་བ་ལག་ལེན་དངོས་འབེབ་བྱེད་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དངོས་འབེབ་བྱེད་པ། སྔར་ལས་ལྷག་པའི་སྒོ་ནས་རྡོ་སྣུམ་དང་རང་བྱུང་སོལ་རླངས་ཀྱི་སྒྲིག་གཞིའི་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བ། ལས་དོན་གཙོ་བོ་དང་འགན་འཁྲི་གཙོ་བོར་དམིགས་པ་རྒྱུན་འཁྱོངས་སྒོས་རྡོ་སྣུམ་དང་སོལ་རླངས་ཀྱི་སྐྱེལ་འདྲེན་བྱེད་སྒོར་དོ་སྣང་དང་། རྡོ་སྣུམ་དང་སོལ་རླངས་ཚོང་རའི་གཏན་འཇགས་ལ་འགན་སྲུང་བྱས་ནས། རྒྱལ་ཁབ་ཀྱི་ནུས་ཁུངས་བདེ་འཇགས་ལ་འགན་སྲུང་བྱེད་པར་བྱས་རྗེས་འཇོག་དགོས་ཞེས་གསུངས།
ཧན་ཀྲིན་གྱིས་ནན་གྱིས་བསྟན་དོན། དམིགས་འབེན་ཁ་ཕྱོགས་དང་གནད་དོན་ཁ་ཕྱོགས། མཇུག་འབྲས་ཁ་ཕྱོགས་བཅས་རྒྱུན་འཁྱོངས་བྱས་ཏེ། གཙོ་བོ་སྒྲིག་འཛུགས་དང་ལས་གཉེར་ཁྲོད་ཀྱི་འབུར་ཐོན་འགལ་བ་དང་གནད་དོན་ཐག་གཅོད་བྱས་ནས། རྒྱལ་ཁབ་སྦུག་དྲའི་སྡེ་ཚོགས་དོ་དམ་གང་ལེགས་བྱས་ནས་འཕེལ་རྒྱས་སུ་གཏོང་དགོས། སྦུག་དྲའི་འཆར་འགོད་སྒྲིག་བཟོ་བྱ་བ་བཟང་བོར་བསྒྲུབ་པ་དང་། འཆར་འགོད་ལྟར་སྦུག་དྲའི་ལས་གཞིའི་འཛུགས་སྐྲུན་གོམ་སྟབས་ཇེ་མགྱོགས་སུ་བཏང་སྟེ། སྦུག་ལམ་སྐྱེལ་འདྲེན་ལ་འགན་སྲུང་བྱས་ཏེ་སྤྱི་ཚོགས་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་དགོས་མཁོ་བསྐང་དགོས། སྦུག་དྲའི་བཅོས་བསྒྱུར་གྱི་འབྲེལ་ཡོད་སྲིད་ཇུས་དངོས་འབེབ་བྱེད་པ་དང་། སྦུག་དྲའི་ལས་གཉེར་སྒྲིག་སྲོལ་ཞིབ་འཇུག་གཏན་འབེབས་བྱེད་པ། རྒྱུན་ཆད་མེད་པར་ཁྲིམས་སྲོལ་ལམ་ལུགས་འཐུས་ཚང་དུ་བཏང་ནས་རྡོ་སྣུམ་དང་སོལ་རླངས་ཚོང་རའི་བདེ་ཐང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ཞབས་ཞུ་ཅན་གྱི་སྟེགས་བུའི་བྱེད་ནུས་འདོན་སྤེལ་བྱེད་པ་དང་གཞི་གྲངས་ཆེན་མོ་སོགས་ལག་རྩལ་བྱེད་ཐབས་བེད་སྤྱོད་བྱེད་པ། ཞབས་ཞུའི་རྣམ་པ་གཅིག་གྱུར་བྱེད་པ་དང་། དངོས་ཐོག་བདེན་འཚོལ་རྒྱུན་འཁྱོངས་བྱེད་པ་ལས་དབང་གཅིག་གཅོད་མི་བྱེད་པར། ས་གནས་ཀྱི་སྦུག་དྲ་དེ་ཚོང་ར་ཅན་གྱི་རྣམ་པས་རྒྱལ་ཁབ་སྦུག་དྲར་འདྲེས་པར་སྣེ་ཁྲིད་དང་སྐུལ་འདེད་གཏོང་དགོས། དགུན་ཁའི་མཁོ་འདོན་བྱ་བ་བཟང་བོར་བསྒྲུབ་པ་དང་དགུན་ཁའི་གཏན་འཇགས་མཁོ་འདོན་ལ་འགན་སྲུང་བྱས་ཏེ། མང་ཚོགས་ཀྱིས་བདེ་འཇགས་དང་དྲོད་སྐྱིད་ཀྱི་དགུན་ཞིག་རོལ་བར་ཁག་ཐེག་བྱེད་དགོས་ཞེས་གསུངས། །
རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།
ཧན་ཀྲིན་གྱིས་རྡོ་སྣུམ་དང་སོལ་རླངས་ཀྱི་སྒྲིག་གཞིའི་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་ནས་རྡོ་སྣུམ་དང་སོལ་རླངས་ཀྱི་ཚོང་རའི་གཏན་འཇགས་ལ་འགན་སྲུང་བྱེད་པ་དང་རྒྱལ་ཁབ་ཀྱི་ནུས་ཁུངས་བདེ་འཇགས་ལ་འགན་སྲུང་བྱེད་པར་བྱས་རྗེས་འཇོག་དགོས་པ་ནན་གྱིས་བསྟན།