ཀྲུང་གོ་བོད་ཀྱི་དྲ་བ།

ལེ་ཀྲན་ཧྲུའུ་འཛམ་གླིང་གྲོས་དཔོན་ཚོགས་ཆེན་ཐེངས་ལྔ་བའི་བརྙན་རིས་གྲོས་ཚོགས་ལ་ཞུགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-08-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1597884173419471.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བརྒྱད་པའི་ཚེས་བཅུ་དགུ་ཉིན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལེ་ཀྲན་ཧྲུའུ་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་སྐབས་ལྔ་བའི་འཛམ་གླིང་གྲོས་དཔོན་ཚོགས་ཆེན་ཐེངས་ལྔ་བའི་བརྙན་རིས་གྲོས་ཚོགས་ལ་ཞུགས།

རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལེ་ཀྲན་ཧྲུའུ་ཚེས་བཅུ་དགུ་ཉིན་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་སྐབས་ལྔ་བའི་འཛམ་གླིང་གྲོས་དཔོན་ཚོགས་ཆེན་ཐེངས་ལྔ་བའི་བརྙན་རིས་གྲོས་ཚོགས་ལ་ཞུགས།

ལེ་ཀྲན་ཧྲུའུ་ཡིས་གཏམ་བཤད་སྤེལ་ཏེ་བསྟན་དོན། འཛམ་གླིང་ཡོངས་ཀྱིས་པྲོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་པའི་གནད་འགག་གི་དུས་རིམ་ནང་། བརྙན་རིས་ཀྱི་ཐབས་ལ་བརྟེན་ནས་ཐེངས་འདིའི་འཛམ་གླིང་གྲོས་དཔོན་ཚོགས་ཆེན་བསྡུས་པ་ལས། རྒྱལ་ཁབ་སོ་སོའི་ཁྲིམས་འཛུགས་ལས་ཁུངས་ཀྱིས་ལག་རྡང་སྦྲེལ་ནས་རིམས་འགོག་དང་དཀའ་ཁག་ཁྱད་བསལ་བྱེད་པའི་ཆོད་སེམས་དང་ཡིད་ཆེས་བརྟན་པོ་མངོན་པར་མཚོན་ཡོད་ཟེར། 

1597884174312516.jpg

ལེ་ཀྲན་ཧྲུའུ་ཡིས་བསྟན་དོན། རིམས་ནད་ཀྱི་མདུན་ནས་ཀྲུང་གོས་ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་ཕུང་བདེ་ཐང་གོ་གནས་དང་པོར་བཞག་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་དངོས་སུ་བཀོད་འདོམ་དང་བཀོད་སྒྲིག་བྱས་པ་དང་། མི་དམངས་བླ་རུ་བཀུར་བ་དང་ཚེ་སྲོག་བླ་རུ་བཀུར་ནས། མི་དམངས་ཀྱི་ཚེ་སྲོག་དང་ལུས་ཕུང་བདེ་ཐང་ལ་སྲུང་སྐྱོབ་བྱེད་པར་འགྲོ་སོང་ཅི་འདྲ་གཏོང་དགོས་རུང་འཕང་སེམས་མེད་པ་ནན་གྱིས་བསྟན། ཀྲུང་གོས་ཆེས་གཟབ་ནན་གྱི་འགོག་སྲུང་བྱེད་ཐབས་ཕྱོགས་ཡོངས་ནས་ལག་བསྟར་བྱས་པ་དང་། དཀའ་སྤྱད་འབད་བརྩོན་ལ་བརྟེན་ནས་རིམས་ནད་འགོག་སྲུང་གི་གྲུབ་འབྲས་བཟང་བོ་བླངས་ཡོད་ཟེར། 

ལེ་ཀྲན་ཧྲུའུ་ཡིས་བསྟན་དོན། རིམས་འགོག་མཉམ་ལས་ཐད་ཀྲུང་གོས་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པའི་འདུ་ཤེས་རྒྱུན་འཁྱོངས་བྱས་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་མཐུན་སྒྲིལ་མཉམ་ལས་ནི་རིམས་ནད་ལས་རྣམ་པར་རྒྱལ་བའི་མཚོན་ཆ་གཙོ་བོ་ཡིན་པ་ནན་གྱིས་བསྟན་ནས། མིའི་རིགས་ཀྱི་འཕྲོད་བསྟེན་བདེ་ཐང་ཐུན་མོང་ཚོགས་པ་འཛུགས་པའི་གྲོས་གཞི་ཐོག་མར་བཏོན། ཀྲུང་གོས་ཡོངས་བསྒྲགས་དང་མངོན་གསལ། འགན་ཁུར་བའི་རྣམ་འགྱུར་བཟུང་སྟེ། དུས་ལྟར་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་དང་འབྲེལ་ཡོད་རྒྱལ་ཁབ་ལ་རིམས་ནད་གནས་ཚུལ་སྙན་ཞུ་བྱས་པ་དང་། སྦ་གསང་ཅི་ཡང་མེད་པར་འགོག་སྲུང་དང་གསོ་བཅོས་ཀྱི་ཉམས་མྱོང་མཉམ་སྤྱོད་བྱས་ནས། རང་ནུས་ཅི་ལྕོགས་ཀྱིས་དགོས་མཁོ་ཡོད་པའི་རྒྱལ་ཁབ་དག་ལ་རྒྱབ་སྐྱོར་དང་རོགས་རམ་བྱས། རྒྱལ་ཁབ་དང་རྒྱལ་སྤྱིའི་རྩ་འཛུགས་བརྒྱ་དང་ལྔ་བཅུ་ལྷག་ལ་རིམས་འགོག་རོགས་སྐྱོར་བྱས་པར་མ་ཟད། ལོ་གཉིས་ཀྱི་ནང་མེ་སྒོར་ཐེར་འབུམ་གཉིས་ཀྱི་རྒྱལ་སྤྱིའི་རོགས་སྐྱོར་འདོན་སྤྲོད་བྱེད་རྒྱུ་ཡིན་ཟེར། 

ལེ་ཀྲན་ཧྲུའུ་ཡིས་ནན་གྱིས་བསྟན་དོན། ད་ལོ་ནི་མཉམ་འབྲེལ་རྒྱལ་ཚོགས་དབུ་བརྙེས་པ་དང་འཛམ་གླིང་གི་ཧྥ་ཞི་སི་ལ་ངོ་རྒོལ་བྱེད་པའི་འཐབ་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་དོན་ལྔ་འགོར་བའི་ལོ་ཡིན། ལོ་ངོ་དོན་ལྔའི་རིང་ལ། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ལ་སྲུང་སྐྱོབ་བྱེད་པའི་ཐད་ནུས་པ་གལ་ཆེན་བཏོན་ཡོད། གློ་བུར་དུ་བྱུང་བའི་རིམས་ནད་ལས་རྒྱལ་ཁབ་སོ་སོའི་ཁེ་ཕན་ཕན་ཚུན་འབྲེལ་ཡོད་པ་དང་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཡིན་པ་ཡང་བསྐྱར་བདེན་དཔང་བྱས་ཡོད། རྒྱལ་ཁབ་སོ་སོའི་ཁྲིམས་འཛུགས་ལས་ཁུངས་ཀྱིས་ཕྱོགས་མང་རིང་ལུགས་ལ་མཐའ་གཅིག་ཏུ་སྲུང་སྐྱོབ་དང་། རྒྱལ་སྤྱིའི་རིམས་འགོག་མཉམ་ལས་ལ་སྐུལ་འདེད་བཏང་སྟེ། འཛམ་གླིང་གི་དཔལ་འབྱོར་སླར་གསོ་འབྱུང་བར་སྐུལ་ཡར་སྐུལ་གཏོང་དགོས་ཟེར། 

ལེ་ཀྲན་ཧྲུའུ་ཡིས་བསྟན་དོན། ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་གྱིས་རྒྱལ་ཁབ་སོ་སོའི་གྲོས་ཁང་མནའ་འབྲེལ་གྱི་གོ་གནས་དང་ནུས་པར་མཐོང་ཆེན་བྱེད་ཅིང་། སྔར་བཞིན་དུ་གྲོས་ཁང་མཉམ་འབྲེལ་གྱི་བྱ་འགུལ་ལ་ཞུགས་པ་དང་གྲོས་ཁང་མཉམ་འབྲེལ་གྱི་འཕེལ་རྒྱས་ལ་རོགས་འདེགས་བྱེད་ངེས་ཡིན། མུ་མཐུད་དུ་ས་ཁུལ་གྱི་གྲོས་ཁང་རྩ་འཛུགས་དང་རྒྱལ་ཁབ་སོ་སོའི་ཁྲིམས་འཛུགས་ལས་ཁུངས་ཀྱི་བརྗེ་རེས་མཉམ་ལས་ལ་ཤུགས་སྣོན་བྱེད་འདོད་ཡོད། ང་ཚོས་དཀའ་སྡུག་མཉམ་མྱོང་དང་ཕན་ཚུན་རོགས་རེས་བྱས་ཏེ། ལག་རྡང་མཉམ་སྦྲེལ་གྱིས་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་བཙུགས་ན། འཛམ་གླིང་གི་སང་ཉིན་སྔར་ལས་མཛེས་སྡུག་ལྡན་སྲིད་པ་ཁོ་ཐག་ཡིན་ཟེར། 

འཛམ་གླིང་གྲོས་ཁང་ཚོགས་ཆེན་དེ་གྲོས་ཁང་མཉམ་འབྲེལ་གྱིས་གཙོ་སྒྲུབ་བྱས་པ་དང་། ལོ་ལྔའི་ནང་ཐེངས་རེར་སྤེལ་བཞིན་ཡོད། ཐེངས་འདིའི་གྲོས་ཚོགས་ཀྱི་བརྗོད་སྙིང་ནི་གྲོས་ཁང་གི་མགོ་ཁྲིད་ནུས་པ་འདོན་སྤེལ་དང་ཕྱོགས་མང་རིང་ལུགས་ཇེ་དྲག་དུ་བཏང་སྟེ། འཛམ་གླིང་ཡོངས་དང་མི་དམངས་ལ་ཞི་བདེ་དང་རྒྱུན་མཐུད་འཕེལ་རྒྱས་བསྐྲུན་དགོས་ཞེས་པ་དེ་རེད། རྒྱལ་ཁབ་དང་ས་ཁུལ་བརྒྱ་དང་བཅུ་ལྷག་གི་ཁྲིམས་འཛུགས་ལས་ཁུངས་ཀྱི་མགོ་ཁྲིད་པ་བརྒྱ་དང་སུམ་ཅུ་ལྷག་གྲོས་ཚོགས་ལ་ཞུགས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་དང་གྲོས་ཁང་མཉམ་འབྲེལ་གྱི་ཀྲུའུ་ཞི་ཁོས་ཝ་སི་སོགས་ཀྱིས་མགོ་རྩོམ་པའི་མཛད་སྒོའི་སྟེང་ཞུ་ཚིག་ཕུལ།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།