ཀྲུང་གོ་བོད་ཀྱི་དྲ་བ།

གྲོང་གསེབ་ཀྱི་ཁང་སའི་དོ་དམ་མ་ལག་མགྱོགས་མྱུར་གྲུབ་བཞིན་ཡོད་པ།

ཡོང་ཁུངས། : མི་དམངས་དྲ་བ།     སྤེལ་དུས། : 2020-08-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གྲོང་གསེབ་ཀྱི་སྡོད་ཁང་ལ་སྤྱོད་པའི་ས་ཆ་འཆར་འགོད་མེད་པ་དང་། འཆར་གཞི་མེད་པ། དམིགས་ཚད་མེད་པ་བཅས་ཀྱི་གནད་དོན་ཐག་གཅོད་བྱས་ནས་ལུགས་མཐུན་ངང་སྡོད་ཁང་བསྐྲུན་པའི་ཞིང་པའི་དགོས་མཁོ་སྐོང་བ་དང་བསྟུན་ནས་རང་རྒྱལ་གྱི་གྲོང་གསེབ་ཀྱི་ཁང་སའི་དོ་དམ་མ་ལག་མགྱོགས་མྱུར་གྲུབ་བཞིན་ཡོད་པ་རེད།

གསར་འགོད་པར་ཚེས4ཉིན་རང་བྱུང་ཐོན་ཁུངས་པུའུ་ནས་ཤེས་རྟོགས་བྱུང་བར། ཁང་ས་དང་མཉམ་སྡེབ་འཛུགས་སྐྲུན་ཐད་སྤྱོད་པའི་ས་ཆ་སྤྱོད་དབང་གཏན་འཁེལ་ཐོ་འགོད་ལས་དོན་སྔར་བས་ཡག་པོ་བསྒྲུབ་ཆེད། རང་བྱུང་ཐོན་ཁུངས་པུས་བཀྲམ་པའི《ཁང་ས་དང་མཉམ་སྡེབ་འཛུགས་སྐྲུན་ཐད་སྤྱོད་པའི་ས་ཆ་སྤྱོད་དབང་གཏན་འཁེལ་ཐོ་འགོད་ལས་དོན་གྱི་དྲི་བ་དྲིས་ལན》ནང་། 2020ལོའི་ལོ་མཇུག་སྔོན་ལ་རྒྱལ་ཡོངས་ཀྱི་གྲོང་གསེབ་ཀྱི་ས་ཁོངས་བརྟག་དཔྱད་བྱས་ཏེ་ཁང་ས་དང་མཉམ་སྡེབ་འཛུགས་སྐྲུན་ཐད་སྤྱོད་པའི་ས་ཆ་ཐོ་འགོད་བྱེད་ཚད80%ཡན་ཟིན་པ་བྱ་རྒྱུ་དང་། སང་ལོའི་ལོ་མཇུག་གོང་ཁང་ས་དང་མཉམ་སྡེབ་འཛུགས་སྐྲུན་ཐད་སྤྱོད་པའི་ས་ཆ་དང་ཁང་པ་ཐོ་འགོད་དཔྱད་གཞིའི་ཡིག་རིགས་གཙང་བཤེར་དང་བསྡུ་སྒྲིལ་བྱས་ཏེ། གྲངས་གཞི་རིམ་བཞིན་རྒྱལ་ཁབ་ཀྱི་འགྱུར་མེད་རྒྱུ་ནོར་ཐོ་འགོད་ཆ་འཕྲིན་དོ་དམ་གྱི་རྨང་གཞིའི་ལས་སྟེགས་སུ་ཕྱོགས་སྒྲིག་བྱ་རྒྱུ་དང་། གྲོང་གསེབ་ཀྱི་འགྱུར་མེད་རྒྱུ་ནོར་གཅིག་གྱུར་ཐོ་འགོད་བྱེད་ཚད་ལ་སྐུལ་འདེད་གང་མགྱོགས་བཏང་ནས་ཞིང་པས་ལུགས་མཐུན་ངང་སྡོད་ཁང་བསྐྲུན་པའི་ས་ཆར་འགན་སྲུང་དང་རྨོ་ཞིང་སྲུང་སྐྱོང་བྱེད་པར་བདག་དབང་འགན་ལེན་བྱ་རྒྱུ་ཡིན་པ་ཁ་གསལ་བཏོན་ཡོད་པ་རེད།

རང་བྱུང་ཐོན་ཁུངས་པུའུ་རྒྱལ་ཁབ་ས་ཆའི་བར་མཐོངས་སྤྱོད་སྒོ་དོ་དམ་སིའི་སི་ཀྲང་ཅང་ཧྭ་ཨན་གྱིས་རྨོ་ཞིང་ཐོག་གང་འདོད་དུ་སྡོད་ཁང་བསྐྲུན་པའི་རིགས་གཙང་སེལ་བྱ་རྒྱུ་དེ་གྲོང་གསེབ་ཀྱི་གྲོང་མིའི་ལུགས་མཐུན་ངང་སྡོད་ཁང་བསྐྲུན་པའི་དགོས་མཁོ་འགན་ལེན་བྱ་རྒྱུ་དང་ཁ་འབྲལ་ཐབས་མེད་པས། ཞིང་ལས་གྲོང་གསེབ་པུའུ་དང་རང་བྱུང་ཐོན་ཁུངས་པུས་བཀྲམ་པའི《གྲོང་གསེབ་ཀྱི་ཁང་ས་ཞིབ་བཤེར་མཆན་བཀོད་དང་དོ་དམ་ཚད་ལྡན་དུ་གཏོང་རྒྱུའི་སྐོར་གྱི་བརྡ་ཐོའི》ནང་། ཁང་ས་ཞིང་དུད་ཀྱིས་རེ་ཞུ་དང་གྲོང་ཚོ་དང་ཚོགས་ཆུང་གིས་ཞིབ་དཔྱད་བྱེད་པ། ཤང་དང་གྲོང་རྡལ་གྱིས་ཞིབ་མཆན་འགོད་པ་བཅས་ཀྱི་གོ་རིམ་ཁ་གསལ་བཏོན་ཡོད་པ་དང་། ས་ཆ་དོ་དམ་གྱི་བཅའ་ཁྲིམས་གསར་པ་ལྟར་སྡེ་ཚན་གཉིས་ཀྱིས་ཁ་གསལ་བཟོས་པའི་ཁང་ས་དང་གྲོང་མིའི་སྡོད་ཁང་འཆར་འགོད་ཆོག་འཐུས་ལ་རེའུ་མིག་གཅིག་གིས་རེ་ཞུ་དང་མཉམ་དུ་སྒྲུབ་གཉེར་བྱས་ཆོག་པ་དང་ཤང་དང་གྲོང་རྡལ་མི་དམངས་སྲིད་གཞུང་གིས་གྲོང་གསེབ་ཀྱི་ཁང་སའི་མཆན་བཀོད་ཡི་གེ་དང་གྲོང་གསེབ་འཛུགས་སྐྲུན་འཆར་འགོད་ཀྱི་ཆོག་འཐུས་ལག་ཁྱེར་མཉམ་དུ་སྤྲོད་ཆོག་གི་ཡོད་ལ། ད་ལོའི་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོའི་བླང་བྱ་གཞིར་བཟུང་མཉམ་སྡེབ་འཛུགས་སྐྲུན་ལ་མཁོ་བའི་ས་ཆ་སྤྱོད་པའི་ཞིབ་མཆན་གོ་རིམ་སྔར་བས་སྟབས་བདེར་བཏང་སྟེ་ཞིབ་མཆན་འགོད་དབང་གཤམ་སྤྲོད་བྱ་རྒྱུ་རེད་ཅེས་བརྗོད་པ་རེད།

ཞིང་ལས་གྲོང་གསེབ་པུའུ་གྲོང་གསེབ་མཉམ་ལས་དཔལ་འབྱོར་མཛུབ་ཁྲིད་སིའི་སི་ཀྲང་ཀྲང་ཐེན་ཙུའོ་ཡིས་ད་རེས་སྡེ་ཚན་གཉིས་ཀྱིས《གྲོང་གསེབ་ཏུ་རྨོ་ཞིང་བཟུང་ནས་སྡོད་ཁང་བསྐྲུན་པ“བྱེད་མི་ཆོག་པ་བརྒྱད”སྐོར་གྱི་བརྡ་ཐོ》དང《གྲོང་གསེབ་ཀྱི་གྲོང་མིས་ལུགས་མཐུན་ངང་སྡོད་ཁང་བསྐྲུན་པའི་དགོས་མཁོ་འགན་སྲུང་བྱ་རྒྱུའི་སྐོར་གྱི་བརྡ་ཐོ》མཉམ་དུ་བཀྲམ་དོན་ནི་ཁྲིམས་འགལ་སྒྲིག་འགལ་གྱི་གནད་དོན་གསར་པ་ཐོན་པར་མཐའ་གཅིག་ཏུ་བཀག་འགོག་བྱ་རྒྱུ་དང་ཆབས་ཅིག གྲོང་མིའི་ལུགས་མཐུན་ངང་སྡོད་ཁང་བསྐྲུན་པའི་དགོས་མཁོ་འགན་སྲུང་བྱ་ཆེད་ཡིན་པ་དང་། ཡིག་ཆ་རབ་དང་རིམ་པ་བཏོན་པ་བརྒྱུད་འཆར་འགོད་དང་འཆར་གཞིའི་སྟོན་རྟགས་དེ་སྡོད་ཁང་འཛུགས་སྐྲུན་གྱི་རེ་ཞུ་ཞིབ་མཆན་དང་ལྟ་འདོམས་ཐོག་དོན་འཁྱོལ་བྱས་ཏེ་ཁང་སའི་དོ་དམ་ལམ་ལུགས་མ་ལག་མགྱོགས་མྱུར་གྲུབ་བཞིན་ཡོད་ཅེས་བརྗོད་པ་རེད། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།