ཀྲུང་གོ་བོད་ཀྱི་དྲ་བ།

མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་པུའུ་སོགས་ལས་ཁུངས་གསུམ་གྱིས་དབུལ་ཕོངས་ཁྱིམ་ཚང་གི་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་ལས་ཞུགས་རོགས་སྐྱོར་བྱ་བར་ཤུགས་སྣོན་པའི་སྐོར་གྱི་བརྡ་ཐོ་འགྲེམ་སྤེལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-08-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ལམ། མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་པུའུ་དང་སློབ་གསོ་པུའུ། རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་སྒྲུབ་ཁང་བཅས་ཀྱིས་དབུལ་ཕོངས་ཁྱིམ་ཚང་གི་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་ལས་ཞུགས་རོགས་སྐྱོར་བྱ་བར་ཤུགས་སྣོན་པའི་སྐོར་གྱི་བརྡ་ཐོ་འགྲེམ་སྤེལ་བྱས་ཏེ། དབུལ་ཕོངས་ཁྱིམ་ཚང་གི་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་རྣམས་ལས་ཞུགས་རོགས་སྐྱོར་བྱེད་ཡུལ་དུ་བཞག་སྟེ་དབུལ་ཕོངས་ཁྱིམ་ཚང་དང་ལས་ཞུགས་མེད་པའི་ཁྱིམ་ཚང་གི་མཐར་ཕྱིན་སློབ་མར་ཚགས་འཛུགས་བྱང་སྒྲིག་བྱས་ནས་ཁྱོན་ཡོངས་ནས་ལས་ཞུགས་དོན་ཐོག་ཏུ་འཁྱོལ་བར་བྱེད་པ་དང་། དགོས་མཁོ་ཡོད་པའི་དབུལ་ཕོངས་ཁྱིམ་ཚང་གཞན་དག་གི་མཐར་ཕྱིན་སློབ་མར་ཁྱོན་ཡོངས་ནས་རོགས་སྐྱོར་བྱེད་དགོས་པར་མ་ཟད། ལས་ཞུགས་ཀྱི་རེ་འདོད་ཡོད་པ་རྣམས་ལས་ཞུགས་བྱེད་དུ་འཇུག་པ་དང་ཡང་ན་རྩ་འཛུགས་བྱས་ཏེ་ལས་ཞུགས་གྲ་སྒྲིག་བྱ་འགུལ་ཁྲོད་དུ་ཞུགས་སུ་འཇུག་དགོས་ཞེས་བསྟན།

བརྡ་ཐོའི་ནང་བསྟན་དོན། དབུལ་ཕོངས་ཁྱིམ་ཚང་གི་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་སྔ་མོ་ནས་ལས་ཞུགས་བྱེད་པར་སྐུལ་འདེད་གཏོང་རྒྱུ་ནི་ལས་ཞུགས་བརྟན་འཇགས་དང་དམངས་ཚིས་འགན་སྲུང་བྱེད་པའི་ནང་དོན་གལ་ཆེན་ཞིག་ཡིན། རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་ཏེ་དབུལ་ཕོངས་ཁྱིམ་ཚང་དུ་གྱུར་བའི་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་རྣམས་དུས་ཐོག་ཏུ་ལས་བརྩོན་ལས་སྤེལ་ཁ་གསབ་སྲིད་ཇུས་ཁྱབ་ཁོངས་སུ་བཞག་སྟེ། ལས་ཞུགས་ཀྱི་དགོས་མཁོར་རྒྱུས་ལོན་བྱེད་པ་དང་། དབུལ་ཕོངས་ཁྱིམ་ཚང་གི་མཐར་ཕྱིན་སློབ་མའི་ལས་ཞུགས་རོགས་སྐྱོར་རྐྱེན་སྲོལ་འཛུགས་དགོས། དབུལ་ཕོངས་ཁྱིམ་ཚང་གི་མཐར་ཕྱིན་སློབ་མར་ཆེད་དོན་གདན་ཞུའི་ཞབས་ཞུ་ལག་བསྟར་བྱེད་པ་དང་། རྣམ་པ་ཆུང་བའི་མཁོ་འདོན་འབྲེལ་མཐུད་བྱ་འགུལ་སྤེལ་དགོས་ལ། ས་ཁུལ་བརྒལ་བའི་ཞབས་ཞུའི་རོགས་ལས་དང་ལས་གནས་མཉམ་སྤྱོད་རྩ་འཛུགས་བྱེད་དགོས། དབུལ་ཕོངས་ཁྱིམ་ཚང་གི་མཐར་ཕྱིན་སློབ་མ་རེ་རེར་ལས་རིགས་མཛུབ་སྟོན་དགེ་རྒན་རེ་གཏན་ཁེལ་བྱས་ཏེ་མཛུབ་སྟོན་བྱེད་པ་དང་། རིགས་སོ་སོའི་ལས་ཞུགས་ལས་སྤེལ་ཞབས་ཞུའི་ལས་གཞི་དེ་དབུལ་ཕོངས་ཁྱིམ་ཚང་གི་མཐར་ཕྱིན་སློབ་མར་དམིགས་བསལ་སྒོས་ལག་བསྟར་བྱེད་དགོས་པར་མ་ཟད། དགོས་མཁོ་ལྟར་གསོ་སྦྱོང་འཆར་གཞི་དང་ལས་སྤེལ་གསོ་སྦྱོང་། ལྟ་སྦྱོང་བཀོད་སྒྲིག་ཁྲོད་འཇོག་དགོས་ཟེར། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།