ཀྲུང་གོ་བོད་ཀྱི་དྲ་བ།

དྲ་འཕྲིན་གཞུང་དོན་ཁང་གིས་ཁྲིམས་འགལ་སྒྲིག་འགལ་གྱི་ཐད་གཏོང་ལས་སྟེགས158ཁྲིམས་ལྟར་ཐག་གཅོད་བྱས་པ།

ཡོང་ཁུངས། : མི་དམངས་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2020-08-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ8པའི་ཚེས3ཉིན། རྒྱལ་ཁབ་དྲ་འཕྲིན་གཞུང་དོན་ཁང་དང་རྒྱལ་ཡོངས“འཆལ་རྡུང་ལོག་སེལ”གཞུང་དོན་ཁང་སོགས་སྡེ་ཁག་བརྒྱད་ཀྱིས་མཉམ་འབྲེལ་སྒོས་ལས་དོན་བཀོད་སྒྲིག་གི་ཚོགས་འདུ་འཚོགས་ཤིང་། དྲ་རྒྱའི་ཐད་གཏོང་ལས་རིགས་ཀྱི་ཆེད་དོན་བཅོས་སྒྲིག་དང་ཚད་ལྡན་དོ་དམ་ལས་དོན་གྱི་འཕེལ་རིམ་བརྡ་ཁྱབ་བཏང་བ་རེད། ཆེད་དོན་བཅོས་སྒྲིག་དང་ཚད་ལྡན་དོ་དམ་ལས་དོན་ལ་སྐུལ་འདེད་གཏིང་ཟབ་གཏོང་རྒྱུའི་ཐད་སླར་ཡང་བཀོད་སྒྲིག་བྱས་པ་མ་ཟད། ཐད་གཏོང་རྩིས་ཐོའི་ཨང་གྲངས་རིམ་དབྱེ་རིགས་དབྱེའི་དོ་དམ་ཚད་གཞིར་ཞིབ་འཇུག་དང་གཏན་འབེབས་བྱེད་པར་སྐུལ་འདེད་ཤུགས་ཆེན་གཏོང་རྒྱུ་དང་། ཐད་གཏོང་ལས་སྟེགས་ཀྱི་རིག་གནས་སྤུས་ཚད་མཐོ་རུ་གཏོང་རྒྱུ། སྤྱོད་མཁན་གྱིས་ཚུལ་མཐུན་ངང་བྱ་དགའ་སྤྲོད་པར་ཁྲིད་སྟོན་བྱ་རྒྱུ། ཐད་གཏོང་བྱེད་མཁན་གྱིས་ཚོང་ཟོག་འཚོང་པའི་བྱ་སྤྱོད་ཚད་ལྡན་དུ་གཏོང་བ། དྲ་རྒྱའི་ཐད་གཏོང་ལས་རིགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱ་རྒྱུ་རེད།

རྒྱལ་ཁབ་དྲ་འཕྲིན་གཞུང་དོན་ཁང་གི་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། ཆེད་དོན་བཅོས་སྒྲིག་བྱས་ནས་ཟླ2རིང་། སྡེ་ཁག་སོ་སོས་ཁྲིམས་འགལ་སྒྲིག་འགལ་གྱི་ཐད་གཏོང་ལས་སྟེགས158ཁྲིམས་ལྟར་ཐག་གཅོད་བྱས་པ་དང་། ཐད་གཏོང་དང་འབྲེལ་བའི་གཙོ་གནད་གྱོད་གཞི38སྒོ་བྱང་བཀལ་ནས་ལྟ་སྐུལ་བྱས་པ། གནོད་པ་ཡོད་པའི་ལས་སྟེགས་ཀྱི་རྩིས་ཐོའི་ཨང་གྲངས་དང་ཆ་འཕྲིན་གཙང་བཤེར་བྱས་པ། དྲ་རྒྱའི་ཐོག་ནས་ཁྲིམས་འགལ་སྒྲིག་འགལ་གྱི་གཙོ་གཏོང་བྱེད་མཁན་ཁག་གཅིག་ལ་བཀག་སྡོམ་བྱས་ཡོད། ཡིན་ནའང་ཐད་གཏོང་ལས་རིགས་ཀྱི་གཅོང་ནད་མང་པོ་ཞིག་རྩ་བ་ནས་སེལ་ཐུབ་མེད་དེ།  དངུལ་མང་པོ་བླུགས་ནས་རིན་ཐང་ལྟ་བར་ཕོག་ཐུག་ཆེན་པོ་གཏོང་བ་དང་། དྲ་ཐོག་སློབ་ཚན་ཐད་གཏོང་བྱེད་སྐབས་མ་རབས་ཐ་ཤལ་གྱི་ནང་དོན་བསྐུར་ནས་གཞོན་ནུ་ལོ་ཆུང་རྣམས་སྐྱོན་བྲལ་ངང་འཚར་ལོངས་འབྱུང་བར་གནོད་པ་སྐྱེལ་བ། སྒྲིག་འགལ་ངང་ཚོང་ཟོག་འཁྱེར་ནས་འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་གཏོང་བ་སོགས་ཀྱི་གནད་དོན་ལ་ངེས་པར་དུ་ཐག་གཅོད་མཐར་ཕྱིན་པ་བྱེད་དགོས།

 བཀོད་སྒྲིག་གཞིར་བཟུང་ན། མ་འོངས་པར་ཆོག་འཐུས་ཐོབ་ཐང་མེད་པའམ་ཡང་ནICPཡི་ཐོ་འགོད་སྙན་སེང་ལག་བསྟར་བྱས་མེད་པ། དེ་མིན་སྒྲིག་འགལ་ངང་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཐད་གཏོང་ལས་སྟེགས་ལ་གྲལ་བཤེར་དང་གཙང་བཤེར་བྱ་རྒྱུ་དང་། ཁྱོན་ཡོངས་ནས་རིགས་མི་འདྲ་བའི་ཁྲིམས་འགལ་སྒྲིག་འགལ་གྱི་ནང་དོན་གཙང་བཤེར་བྱས་ཏེ་དྲ་ཐོག་སློབ་ཚན་ཐད་གཏོང་གི་སྐྱེ་ཁམས་གཙང་བཟོ་བྱ་རྒྱུ། ལྕགས་ཐག་ཧྲིལ་པོས་དྲ་རྒྱའི་ཐད་གཏོང་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་ལ་རྡུང་རྡེག་གཏོང་རྒྱུ། ཁྲིམས་འགལ་ཉེས་གསོག་གི་གྱོད་གཞི་ཁག་གཅིག་ལ་སྒོ་བྱང་བཀལ་ནས་ལྟ་སྐུལ་བྱ་རྒྱུ། དྲ་རྒྱའི་ཐད་གཏོང་བྲིན་ཚོང་བྱེད་སྒོའི་ཁྲིམས་འགལ་གྱོད་གཞི་ཁག་གཅིག་ཞིབ་བཤེར་ཐག་གཅོད་བྱ་རྒྱུ། གཞན་ཡང་ད་དུང་གཙོ་གཏོང་རྩིས་ཐོའི་ཨང་གྲངས་རིམ་དབྱེ་རིགས་དབྱེའི་དོ་དམ་ཚད་གཞི་ཞིབ་འཇུག་བྱས་ནས་ཐད་གཏོང་ལས་རིགས་ལ་བྱ་དགའ་སྤྲོད་པའི་བྱེད་སྤྱོད་དོ་དམ་སྒྲིག་སྲོལ་ཁ་གསལ་བྱ་རྒྱུ་རེད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།