ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་དབྱང་ནོར་སྲིད་ཀྱིས་སློབ་མའི་རོགས་དངུལ་གྱི་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་553བཀོད་སྒྲིག་བྱས་པ།

ཡོང་ཁུངས། : མི་དམངས་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2020-08-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ཆར། ནོར་སྲིད་པུའུ་ཡིས2020ལོའི་སློབ་མའི་རོགས་དངུལ་གྱི་ཁ་གསབ་མ་དངུལ་སྒོར་དུང་ཕྱུར553བཀོད་སྒྲིག་བྱས། དེ་ལོ་སྔོན་མ་ལས་སྒོར་དུང་ཕྱུར48.4ཇེ་མང་དུ་སོང་ཞིང9.6%ཡར་འཕར། ས་གནས་ཁག་གིས་མཐོ་རིམ་སློབ་འབྲིང་དཀྱུས་མའི་སློབ་གསོ་དང་། འབྲིང་རིམ་ལས་རིགས་སློབ་གསོ། མཐོ་རིམ་སློབ་གསོའི་འབྲེལ་ཡོད་བྱ་དགའི་སློབ་ཞུགས་རོགས་དངུལ། སློབ་ཡོན་རྩག་རྩིག་གི་ཁ་གསབ་རོགས་དངུལ་སོགས་ཀྱི་སྲིད་ཇུས་དོན་འཁྱོལ་བྱེད་པར་རྒྱབ་སྐྱོར་བྱས་ཏེ། མཐོ་རིམ་སློབ་འབྲིང་དཀྱུས་མའི་སློབ་མ་མི་ཐེངས་ཁྲི691.8དང་། འབྲིང་རིམ་ལས་རིགས་སློབ་གསོའི་སློབ་མ་མི་ཐེངས་ཁྲི1494། མཐོ་རིམ་སློབ་གསོའི་སློབ་མ་མི་ཐེངས་ཁྲི་848.6བཅས་ལ་ཕན་ཐོགས་རྒྱུ་རེད།

 ད་ལོར་ནོར་སྲིད་པུའུ་ཡིས་མུ་མཐུད་དུ་སློབ་མའི་རོགས་དངུལ་སྲིད་ཇུས་འཐུས་སྒོ་ཇེ་ཚང་དུ་གཏོང་རྒྱུ་མ་ཟད་ས་ཁུལ་དབུལ་པོ་དང་ཉམས་ཞན་ཅན་ལ་སྔར་ལས་གཟིགས་སྐྱོང་བྱ་རྒྱུ་ཡིན་པ་རེད། གཅིག་ནི2020ལོའི་སྟོན་དུས་ཀྱི་སློབ་དུས་ནས་བཟུང་མི་རིགས་ས་ཁུལ་གྱི་གྲོང་ཁྱེར་ཐེམ་ཐོའི་ཞིང་འབྲེལ་མིན་པའི་ཆེད་ལས་དང་། ཁྱིམ་ཚང་གི་དཔལ་འབྱོར་དཀའ་ངལ་མིན་པའི་སློབ་མ། ཟློས་གར་འཁྲབ་སྟོན་ཆེད་ལས་བཅས་ཀྱི་སློབ་མ་འབྲིང་རིམ་ལས་རིགས་སློབ་གསོའི་སློབ་ཡོན་རྩ་ཆག་གི་ཁྱབ་ཁོངས་སུ་འཇུག་རྒྱུ་དང་། གཉིས་ནི་ས་གནས་ཁག་གིས་ཞིང་ཆེན་རིམ་པའི་གཅིག་གྱུར་འཆར་འགོད་ཀྱི་ནུས་པ་འདོན་སྤེལ་བྱས་ཏེ། “ས་ཁུལ་གསུམ་དང་ཁུལ་གསུམ”སོགས་ཤིན་ཏུ་དབུལ་བའི་ས་ཁུལ་དང་ལྷག་པར་དུ་སྒོ་བྱང་བཀལ་ནས་དམག་འཐབ་ལ་ལྟ་སྐུལ་བྱེད་པའི་ས་ཁུལ་ལ་གཟིགས་སྐྱོང་དང་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས། གསུམ་ནི་སྔར་ལས་རོགས་དངུལ་གནད་ལ་འཁེལ་ཚད་མཐོ་རུ་བཏང་ནས་དཔལ་འབྱོར་ཐད་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་སློབ་མ་གཏན་འཁེལ་བྱེད་པའི་ལས་དོན་ཡག་པོ་སྒྲུབ་དགོས།

“ལོ་ལྔ་ཚན་བཅུ་གསུམ་པའི”རིང་། ནོར་སྲིད་པུའུ་ཡིས་རིམ་རྩིས་བྱས་ན་སློབ་མའི་རོགས་དངུལ་གྱི་ཁ་གསབ་མ་དངུལ་སྒོར་དུང་ཕྱུར2243བཀོད་སྒྲིག་བྱས་ཤིང་ལོ་རེར་ཆ་སྙོམས8.7%འཕར་ཡོད། མཐོ་རིམ་སློབ་འབྲིང་དཀྱུས་མའི་སློབ་མ་མི་ཐེངས་ཁྲི3359དང་། འབྲིང་རིམ་ལས་རིགས་སློབ་གསོའི་སློབ་མ་མི་ཐེངས་ཁྲི་6838། མཐོ་རིམ་སློབ་གསོའི་སློབ་མ་མི་ཐེངས་ཁྲི3437བཅས་ལ་ཕན་པ་ཐོབ་ཡོད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།