ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ལམ། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱིས་ཐབས་ལམ་མང་པོར་བརྟེན་པ་དང་སྟབས་བསྟུན་སྒོས་ལས་ཞུགས་ལ་རྒྱབ་སྐྱོར་བྱེད་པའི་སྐོར་གྱི་བསམ་འཆར་འགྲེམ་སྤེལ་བྱས། བསམ་འཆར་ལས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་ཞིང་མི་དམངས་དཀྱིལ་སྙིང་ཡིན་པའི་འཕེལ་རྒྱས་དགོངས་པ་རྒྱུན་འཁྱོངས་བྱས་ཏེ། སྟབས་བསྟུན་ལས་ཞུགས་ལ་རྒྱབ་སྐྱོར་བྱེད་པ་དེ་ལས་ཞུགས་བརྟན་འཇགས་དང་སྡོད་དམངས་ལས་ཞུགས་འགན་སྲུང་བྱེད་པའི་བྱེད་ཐབས་གལ་ཆེན་དུ་བརྩི་བ་དང་། ཚོང་རའི་སྣེ་ཁྲིད་དང་སྲིད་གཞུང་གི་སྣེ་ཁྲིད་གཙོར་འཛིན་པ་དང་སྒོ་འབྱེད་སྟབས་བསྟུན་དང་ཚད་ལྡན་དང་གོ་རིམ་ལྡན་པ་མཉམ་འཛིན་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ཏེ། རང་ལས་རང་འཚོལ་དང་རང་བདག་ལས་སྤེལ་བྱེད་པར་སྐུལ་མ་གཏོང་བ་དང་། སྟོབས་ཤུགས་ཡོད་རྒུ་བཏོན་ནས་ལས་ཞུགས་ཀྱི་ཁྱོན་ཡོངས་བརྟན་འཇགས་སུ་གཏོང་དགོས་ཟེར།
བསམ་འཆར་ལས་ཕྱོགས་གསུམ་གྱི་སྲིད་ཇུས་དང་བྱེད་ཐབས་བཏོན། གཅིག ལས་ཞུགས་འཕེལ་རྒྱས་ཐབས་ལམ་རྒྱ་བསྐྱེད་པ་དང་སྟབས་བསྟུན་དུ་གཏོང་དགོས། གཉིས། རང་བདག་ལས་སྤེལ་ཁོར་ཡུག་ལེགས་སྒྱུར་བྱེད་དགོས། གསུམ། སྟབས་བསྟུན་ལས་ཞུགས་འགན་སྲུང་དང་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེར་གཏོང་དགོས་པ་བཅས་རེད།
བསམ་འཆར་ལས་ས་གནས་ཀྱི་རིམ་པ་སོ་སོའི་མི་དམངས་སྲིད་གཞུང་དང་ལྷག་པར་དུ་གྲོང་ཁྱེར་དང་རྫོང་རིམ་པའི་མི་དམངས་སྲིད་གཞུང་གིས་ལས་ཞུགས་བརྟན་འཇགས་གཙོ་གཞིའི་འགན་འཁྲི་ལག་བསྟར་བྱས་ཏེ། སྟབས་བསྟུན་ལས་ཞུགས་བརྟན་འཇགས་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས་པ་དང་། ས་ཁུལ་སོ་སོ་དང་འབྲེལ་ཡོད་ལས་ཁུངས་ཀྱིས་ལྟ་སྐུལ་ཞིབ་བཤེར་དང་སྲིད་ཇུས་ལག་བསྟར་གནས་ཚུལ་ལ་དཔྱད་ཞིབ་བྱེད་པར་ཤུགས་སྣོན་དགོས་པའི་རེ་བ་བཏོན། །