ཀྲུང་གོ་བོད་ཀྱི་དྲ་བ།

ས་གནས་ཁག་གིས་སྤུས་མཐོའི་དཔལ་འབྱོར་ལ་སྐུལ་འདེད་བཏང་བ།

ཡོང་ཁུངས། : ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།     སྤེལ་དུས། : 2020-08-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

སྤྱི་ཟླ7པའི་ཚེས30ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་གྲོས་ཚོགས་གཙོ་སྐྱོང་གནང་ནས། མིག་སྔའི་དཔལ་འབྱོར་དུས་བབ་ལ་དབྱེ་ཞིབ་དང་། ལོ་སྨད་ཀྱི་དཔལ་འབྱོར་ལས་དོན་ཐད་བཀོད་སྒྲིག་གནང་ཡོད། གྲོས་ཚོགས་ཐོག ཐོན་ལས་སྦྲེལ་ཐག་དང་མཁོ་སྤྲོད་ཐག་གི་བརྟན་ལྷིང་རང་བཞིན་དང་འགྲན་རྩོད་ནུས་པ་ཆེ་རུ་གཏོང་བར། ཞན་ཆ་གསབ་རྒྱུ་དང་བཟང་ཆ་དར་སྤེལ་གཏོང་རྒྱུར་སྔར་བས་མཐོང་ཆེན་བྱེད་དགོས། ནུས་ཤུགས་ཡོད་རྒུས་ཞིང་ལས་ཀྱི་རྨང་གཞིའི་གནས་བབ་སྲ་བརྟན་དུ་གཏོང་དགོས། ནུས་ཤུགས་ཡོད་རྒུས་བསྒྱུར་བཅོས་སྒོ་དབྱེར་སྐུལ་འདེད་གཏོང་བ་དང་། བསྒྱུར་བཅོས་ཟབ་གཏོང་བྱེད་ཐབས་ལ་བརྟེན་ནས་ཚོང་གཉེར་ཁོར་ཡུག་ལེགས་སྒྱུར་བྱེད་པ་དང་། གཞུང་ཁོངས་ཁེ་ལས་བསྒྱུར་བཅོས་ཀྱི་ལོ་གསུམ་བྱ་སྤྱོད་ཇུས་གཞི་ལག་བསྟར་ཡག་པོ་བྱེད་པ་བརྒྱུད། སྒོ་དབྱེ་མུ་མཐུད་རྒྱ་སྐྱེད་གཏོང་དགོས། ས་གནས་ཁག་གིས་ཏང་ཀྲུང་དབྱང་གི་བཀོད་ཇུས་བཀོད་སྒྲིག་ལ་གཞིགས་པ་དང་། ཞན་ཆ་གསབ་པ་དང་བཟང་ཆ་དར་སྤེལ་གཏོང་རྒྱུར་གཅིག་སྡུད་བྱེད་པ། སྤུས་ཚད་མཐོ་བའི་དཔལ་འབྱོར་གོང་འཕེལ་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ལོ་ཧྲིལ་པོའི་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་གྱི་དམིགས་ཚད་ལས་འགན་ཁག་ལེགས་འགྲུབ་ཧུར་ཐག་བྱ་རྒྱུའི་བླང་བྱ་བཏོན་ཡོད།

འདི་ལོ་ཤར་ཚུན། ཏོག་གསར་གློ་ཚད་རིམས་ནད་ཀྱི་བརྡབ་གསིག་ཚབས་ཆེན་ཕོག་པའི་མདུན་དུ། ས་གནས་ཁག་གིས་ཏང་ཀྲུང་དབྱང་གི་བཀོད་ཇུས་བཀོད་སྒྲིག་གཞིར་བཟུང་། བརྟན་པོ་དྲུག་གི་ལས་དོན་ཏན་ཏིག་སྒྲུབ་པ་དང་། འགན་ལེན་དྲུག་གི་ལས་འགན་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་པས། དུས་ཚིགས་གཉིས་པའི་དཔལ་འབྱོར་འཕར་ཚད་སྔོན་དཔག་ལས་མངོན་གསལ་དོད་པོས་ལེགས་པ་བྱུང་ཡོད། སྣེ་ཁ་འཛོམས་པ་དང་། ཁྲོམ་ར་གཞི་ཁྱོན་ཆེ་བ། ཚོང་གཉེར་ཁོར་ཡུག་ལེགས་བཅོས་ཟམ་མི་ཆད་པ་བྱེད་པ་སོགས་ཕྱོགས་བསྡུས་དགེ་མཚན་དེ་དག་ནི་ཀྲུང་གོའི་དཔལ་འབྱོར་གྱི་བཟང་ཆ་རེད། གང་འདྲ་བྱས་ནས་སྔར་བས་ལེགས་པའི་སྒོ་ནས་བཟང་ཆ་དར་སྤེལ་གཏོང་བ་དང་། ཐོན་ལས་སྦྲེལ་ཐག་དང་མཁོ་སྤྲོད་སྦྲེལ་ཐག་གི་བརྟན་ལྷིང་རང་བཞིན་དང་འགྲན་རྩོད་ནུས་པ་གོང་མཐོར་གཏོང་དགོས་སམ་ཞེ་ན། ཧོ་པེ་ཞིང་ཆེན་གྱིས་ཐོན་ལས་སྦྲེལ་ཐག་ཧྲིལ་པོའི་ལྟ་སྟངས་ཐོག་ནས་སྔོན་ཐོན་སྒྲིག་ཆས་བཟོ་སྐྲུན་དང་། ཐོན་གསར་པའི་ཆ་འཕྲིན་ཐོན་ལས། སྐྱེ་དངོས་སྨན་རྫས་སོགས་ཐོན་ལས12གཙོ་གནད་དུ་བཟུང་སྟེ། ཞིང་ཆེན་དང་ས་ཁོངས་ལས་སྒྲོལ་བའི་ཐོན་ལས་སྦྲེལ་ཐག་གི་སྟོད་སྨད་དུ་གནས་པའི་འགག་གནད་དང་། མི་འདང་སའི་བྱ་དོན་ཐད་མཐུན་སྦྱོར་ཐག་གཅོད་ཐེངས500ལྷག་བྱས་ཏེ། ཁེ་ལས་ཀྱིས་ལས་སྒོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་བྱ་རྒྱུར་རོགས་རམ་བྱས་ཡོད།

ཧོ་པེ་ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིང་གི་འགོ་འཛིན་གཞོན་པ་ཝང་ཅན་ཧྥུན་གྱིས། ཧོ་པེ་ཡིས་ལོ་སྨད་དུ་ཐོན་ལས་སྦྲེལ་ཐག་དང་མཁོ་སྤྲོད་སྦྲེལ་ཐག་གི་བརྟན་ལྷིང་རང་བཞིན་དང་འགྲན་རྩོད་ནུས་པ་ཤུགས་ཆེར་གཏོང་བའི་དམིགས་སའི་རང་བཞིན་ལྡན་པའི་བྱ་ཐབས་བཏོན་པ་བརྒྱུད། ཐོན་ལས་སྦྲེལ་ཐག་དང་མཁོ་སྤྲོད་སྦྲེལ་ཐག་བརྟན་པོ་ཡོང་རྒྱུར་འགན་ལེན་བྱས་ཡོད། འཁོར་སྤྱོད་ངར་ལྕགས་དང་། འཕྲུལ་ཆས་མི། སྐྱེ་དངོས་སྨན་རྫས་སོགས་རང་ཞིང་ཆེན་གྱི་དགེ་མཚན་ལྡན་པའི་ཐོན་ལས་སྦྲེལ་ཐག24ཡི་ཐོག་གཅིག་སྡུད་བྱས་པ་དང་། རྫོང་ཁོངས་ཀྱི་ཁྱད་ལྡན་ཐོན་ལས་ཀྱི་དར་སྤེལ་གཏོང་བའི་ལམ་ཐིག12དང་། ཞིང་ཆེན་གྱི་གཙོ་གནད་ཁྱད་ལྡན་ཐོན་ལས་ཁྱུ་ཚོགས107ལ་གཞིགས་ནས། དགེ་མཚན་ལྡན་པའི་གཙོ་གནད་ཐོན་ལས་ཀྱི་ཁོར་ཡུག་ཧྲིལ་པོའི་པར་རིས་དང་སྣེ་འདྲེན་ཁེ་ལས་ཀྱི་ཆ་སྦྱོར་པར་རིས་སྒྲིག་བཟོ་བྱས་པ་བརྒྱུད། ཐོན་ལས་སྦྲེལ་ཐག་གི་མི་འདང་ས་དང་འགག་གནད་འཚོལ་ཞིབ་བྱས་ཏེ། གང་ཞིག་མི་འདང་ན་གང་ཞིག་ཁ་གསབ་བྱེད་ཀྱི་ཡོད་ཅེས་གསུངས་པ་རེད།

ཨན་ཧུའེ་ཞིང་ཆེན་གྱིས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་བསྒྱུར་བཅོས་དེ་ཉིད་གཙོ་ཐིག་ཏུ་འཛིན་ཏེ། ཕྱོགས་གཅིག་ནས་སྲོལ་རྒྱུན་ཐོན་ལས་བརྗེ་སྒྱུར་རིམ་སྤོར་ལ་དམ་འཛིན་དང་། ཕྱོགས་གཞན་ཞིག་ནས་གསར་དར་ཐོན་ལས་གསོ་སྤེལ་ལ་དམ་འཛིན་བྱས་ཏེ། དཔལ་འབྱོར་སྤུས་ཚད་མཐོ་པོའི་སྒོ་ནས་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་། བཟོ་སྐྲུན་ཞིང་ཆེན་སྟོབས་ཆེན་འཛུགས་སྐྱོང་བྱེད་པ། ཚན་རྩལ་གསར་གཏོད་འབྱུང་གནས་མགྱོགས་མྱུར་སྒོ་ནས་གཏོད་བཞིན་ཡོད། ཨན་ཧུའེ་ཞིང་ཆེན་དཔལ་འབྱོར་ཆ་འཕྲིན་ཐིང་དཔལ་འབྱོར་གཉེར་སྐྱོང་ཅུད་ཀྱི་ཅུད་ཀྲང་ཀྲང་ཧྲུའུ་ཀོང་ཡིས། ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་གྲོས་ཚོགས་ཐོག་དཔལ་འབྱོར་སྤུས་ཚད་མཐོ་པོའི་སྒོ་ནས་གོང་འཕེལ་གཏོང་རྒྱུར་ནན་སྟོན་མཛད་ཡོད། བཟོ་ལས་འཐབ་ཕྱོགས་སུ་གནས་པའི་ངོས་ནས། ཕྱོགས་བཞིའི་ཐད་ནས་ནུས་ཤུགས་འདོན་དགོས་པ་སྟེ། སྲོལ་རྒྱུན་ཐོན་ལས་ཀྱི་རྨང་གཞི་སྟོབས་ཆེ་རུ་གཏོང་བ་དང་། འཐབ་ཇུས་ཐོན་ལས་ཀྱི་ཞན་ཆ་གསབ་པ། གསར་དར་ཐོན་ལས་ཀྱི་བཟང་ཆ་སྣོན་པ། འབྱུང་འགྱུར་ཐོན་ལས་ཀྱི་ཁྱབ་སྟངས་བརྩོན་ལེན་བཅས་བྱ་དགོས། བརྟན་པོ་དྲུག་དང་འགན་ལེན་དྲུག་གི་ལས་དོན་ལེགས་པོ་བསྒྲུབ་ནས། བཟོ་སྐྲུན་སྟོབས་ཆེའི་ཞིང་ཆེན་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་རྒྱུ་ཡིན་ཞེས་གསུངས་ཡོད།

ད་ལོ་རང་རྒྱལ་གྱི་དབྱར་འབྲུ་ཐོན་སྐྱེད་ལ་སླར་ཡང་ལོ་ལེགས་བྱུང་ནས། འབྲུ་རིགས་བདེ་འཇགས་ཀྱི་རྨང་གཞི་བརྟན་པོ་སྲུང་ཡོད། འབྲུ་རིགས་ཐོན་སྐྱེད་ཞིང་ཆེན་ཆེན་པོ་ཧོ་ནན་གྱི་དབྱར་འབྲུའི་ཐོན་འབོར་གྱིས་སླར་ཡང་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་གཏོད་པ་དང་། སྟོན་འབྲུ་ཐོན་སྐྱེད་གོང་འཕེལ་འགྲོ་ཚུལ་ཡག་པོ་ཡོད། ད་ལོའི་ལོ་མཇུག་གི་གོང་། ཧོ་ནན་གྱིས་དུས་བཀག་ལྟར་སྤྱི་ལོ་2020ལོའི་ཚད་གཞི་མཐོ་བའི་ཞིང་ཁ་མུའུ་ཁྲི་660འཛུགས་སྐྲུན་བྱ་རྒྱུའི་ལས་འགན་ལེགས་འགྲུབ་ཐུབ་པ་བྱ་རྒྱུ་དང་། སྤྱི་ལོ་2025ལོར་སླེབས་སྐབས། ཞིང་ཆེན་ཧྲིལ་པོས་ཚད་གཞི་མཐོ་བའི་ཞིང་ཁ་མུའུ་ཁྲི་8000བསྐྲུན་པ་བརྒྱུད། སྤྱི་རྒྱ་དུང་ཕྱུར་650ཡན་གྱི་འབྲུ་རིགས་ཐོན་རྒྱུར་འགན་སྲུང་བརྟན་པོ་བྱ་རྒྱུ་ཡིན་པ་རེད། ཧོ་ནན་ཞིང་ཆེན་ཞིང་ལས་དང་གྲོང་གསེབ་ཐིང་གི་འབྲུ་རིགས་ལོ་ཏོག་ཁྲུའི་ཁྲུའུ་ཀྲང་གཞོན་པ་དབྱང་ཡ་ཅུན་གྱིས། འབྲུ་རིགས་ཐོན་སྐྱེད་ལ་དམ་འཛིན་དང་། གནོན་རྡོའི་ནུས་པ་སྲ་བརྟན་དུ་གཏོང་དགོས། གོམས་སྟབས་རྗེས་མར། ང་ཚོས་གཙོ་གནད་ཐོག་སྟོན་འབྲུ་ཐོན་སྐྱེད་དོ་དམ་བྱ་ཐབས་དོན་འཁྱོལ་བྱ་རྒྱུའི་ཐད་འབད་བརྩོན་བྱས་ནས། ལོ་ཧྲིལ་པོའི་འབྲུ་རིགས་ལ་ལོ་ལེགས་ཡོང་རྒྱུར་ནུས་ཤུགས་ཡོད་རྒུས་འབད་བརྩོན་བྱ་རྒྱུ་ཡིན་ཞེས་གསུངས་ཡོད།

ནུས་ཤུགས་ཡོད་རྒུས་ཞིང་ལས་ཀྱི་རྨང་གཞིའི་གནས་བབ་བརྟན་དུ་གཏོང་ཆེད། ཧྲན་ཏུང་གིས་ཞིང་ལས་ཚན་རྩལ་གླིང་ཁུལ་བརྒྱུད་གསར་སྐྲུན་གྱི་རྒྱུ་རྐྱེན་ཞིང་ལས་ནང་སྣོན་པ་དང་། ཞིང་ལས་ཐོན་ལས་སྦྲེལ་ཐག་སྣུར་བསྲིངས་དང་། སྟོབས་ཆེར་གཏོང་བ། ལེགས་སྒྱུར་བཅས་བྱས་ཏེ་གྲོང་གསེབ་དར་རྒྱས་ཀྱི་སྐྱེ་སྟོབས་ཤུགས་ཆེར་འགྲོ་བར་སྐུལ་འདེད་བཏང་ཡོད། མིག་སྔར། ཧྲན་ཏུང་གི་ཞིང་ལས་དང་འབྲེལ་བ་ཡོད་པའི་རྫོང་དང་ཁུལ་ཡོངས་སུ་ཞིང་ལས་ཚན་རྩལ་གླིང་ཁུལ་ཁྱོན་ཡོངས་ལ་ཁྱབ་ཡོད། ཧྲན་ཏུང་ཞིང་ཆེན་ཚན་རྩལ་ཐིང་ཞིང་ལས་ཚན་རྩལ་ཁྲུའི་འགོ་འཛིན་གཞོན་པ་ལིའུ་ཁྲེ་པིང་གིས། ཧྲན་ཏུང་གིས་ཞིང་ལས་གོང་འཕེལ་གྱི་ཞན་ཆར་དམིགས་ཏེ། རྒྱལ་ཁབ་ཀྱི་ཞིང་ལས་མཐོ་གསར་ལག་རྩལ་དཔེ་སྟོན་ཁུལ་དང་། རྒྱལ་ཁབ་ཞིང་ལས་ཚན་རྩལ་གླིང་ཁུལ། ཞིང་ཆེན་རིམ་པའི་ཞིང་ལས་མཐོ་གསར་ལག་རྩལ་དཔེ་སྟོན་ཁུལ། ཞིང་ཆེན་རིམ་པའི་ཞིང་ལས་ཚན་རྩལ་གླིང་བཅས་རིམ་པ་བཞིའི་མ་ལག་བཙུགས་པ་དང་། གོང་འཕེལ་གྱི་ལས་ཆོད་དང་ནུས་ཆོད་ནས་བལྟས་ཚེ། ཞིང་ལས་ཚན་རྩལ་གླིང་ཁུལ་གྱི་ཧྲན་ཏུང་མ་དཔེས་སྲོལ་རྒྱུན་གྱི་ཞིང་ལས་དེང་རབས་ཀྱི་ཞིང་ལས་ལ་གང་ལེགས་འགྱུར་བ་བྱས་ཡོད་ཅེས་གསུངས་པ་རེད།

མིག་སྔར་བརྔ་བསྡུའི་དུས་ལ་སླེབས་ཤིང་། རྒྱལ་ཡོངས་ཀྱི་འབྲུ་རིགས་འདེབས་འཛུགས་དང་འབྲུ་རིགས་ཚོང་མཁན་ཐེམ་དུད་ཆེ་གྲས་ཅང་ཞི་ཡུང་ཤིན་གྱི་ཞིང་པ་ཧོང་ཕའེ་ལུང་ལ་ད་ལོ་འཁོར་རྒྱུག་ས་ཞིང་ན་ནིང་ལས་མུའུ་2200ཡིས་མང་བ་ཡོད་པས་ཁྱོན་མུའུ་15400ཟིན་ཡོད། སྔ་སྨིན་ཆུ་འབྲས་འདེབས་འཛུགས་བྱས་པའི་རྒྱ་ཁྱོན་ཡང་དེ་བས་མང་བས་ཐོན་འབབ་ཏུན་2000ཟིན་པ་དེ་ན་ནིང་གི་སྔ་སྨིན་འབྲས་ཀྱི་ཐོན་འབབ་ཀྱི་ལྡབ་6ཡིན་པ་རེད། ཧོང་ཕའེ་ལུང་གིས། རྒྱལ་ཁབ་ནས་འབྲུ་རིགས་ཐོན་སྐྱེད་བརྟན་པོ་ཡོང་བའི་བླང་བྱ་བཏོན་པ་དེས་ང་ཚོ་འབྲུ་རིགས་འདེབས་འཛུགས་བྱེད་མཁན་ཐེམ་དུད་ཆེན་པོས་ངེས་པར་དུ་སྲིད་གཞུང་ལ་གཞོགས་འདེགས་ཧུར་ཐག་ཞུ་རྒྱུ་དང་། ད་ཆ་སྲིད་ཇུས་སྔར་ལས་ཡག་པོ་ཡོད་པས་དེ་ནི་ང་ཚོའི་ངོས་ནས་བརྗོད་ན་གོང་འཕེལ་གྱི་གོ་སྐབས་ཤིག་ཡིན་ཞེས་བརྗོད་ཡོད་པ་རེད།

རང་རྒྱལ་གྱི་ཚོང་གཉེར་ཁོར་ཡུག་ལེགས་བཅོས་ཟམ་མི་ཆད་པ་བྱས་པ་དེས་ཁེ་ལས་ཀྱི་གསོན་ཤུགས་འདོན་སྤེལ་སྔར་ལས་ལྷག་པ་ཐུབ་ཡོད། ཧྲང་ཧའེ་ཡིས་ཤུགས་དྲག་དེ་བས་ཆེ་བའི་ཐོག་ནས་སྒྱུར་བཅོས་སྒོ་དབྱེར་སྐུལ་འདེད་གཏོང་བཞིན་ཡོད་པ་དང་། སྒྱུར་བཅོས་ཟབ་གཏོང་གི་བྱ་ཐབས་བརྒྱུད་ཚོང་གཉེར་ཁོར་ཡུག་ལེགས་སུ་བཏང་བ་དང་། ཁེ་ལས་ཀྱིས་ལས་ཆོད་མཐོ་པོས་ལས་དོན་གཅིག་སྒྲུབ་ཚར་བ་བྱེད་པའི་བརྒྱུད་རིམ་ཧྲིལ་པོའི་དུས་འཁོར་ལ་དམིགས་ཏེ། འགག་གནད་དང་། གཟེར་གནད། དཀའ་གནད་བཅས་ཤར་གཏོང་ཐུབ་རྒྱུར་ཤུགས་སྣོན་བརྒྱབ་པ་དང་། ཧྲང་ཧའེ་ཡིས་ཉེ་དུས་བྱ་ཐབས་དོན་ཚན་23བཏོན་ནས་ཞིབ་མཆན་འགོད་པའི་ལམ་ལུགས་ལ་སྐུལ་འདེད་བཏང་བ་མ་ཟད་དོན་འཁྱོལ་ལ་དམ་འཛིན་བྱས་པ་དང་། དྲ་གཅིག་ཀུན་སྒྲུབ་དང་ཟུང་འབྲེལ་གྱིས་ཚོང་གཉེར་ཁོར་ཡུག་ལེགས་སྒྱུར་བྱས་ཡོད། ཧྲང་ཧའེ་གྲོང་ཁྱེར་སྲིད་གཞུང་གཞུང་ལས་ཐིང་གི་ཀྲུའུ་རེན་གཞོན་པ་ཀྲུའུ་ཙུང་ཡའོ་ཡིས། ལས་ཆོད་སྔར་བས་མཐོ་བ་དང་། སྔར་བས་སྟབས་བདེ་བ། སྔར་བས་གནད་ལ་འཕིགས་པ་བཅས་ཀྱི་ཐད་ཤུགས་སྣོན་བརྒྱབ་པ་དང་། ལས་སྒོའི་བརྒྱུད་རིམ་ལ་གསར་བརྗེའི་རང་བཞིན་གྱི་བསྐྱར་གསོ་བྱ་རྒྱུར་དམིགས་ནས། ལས་ཆོད་མཐོ་པོས་དོན་དག་གཅིག་བསྒྲུབ་རྒྱུར་ཁྲིད་སྟོན་བྱེད་པ་དང་། ཁེ་ལས་ཀྱི་བལྟ་ཕྱོགས་ཀྱི་དོན་དག་གཅིག་སྟེ། རེ་ཞུའི་ཆ་རྐྱེན་དང་། རེ་ཞུ་བྱེད་སྟངས། བདག་སྤྲོད་མ་དཔེ། ཞིབ་དཔྱད་གོ་རིམ། ལག་ཁྱེར་སྤྲོད་ཐབས། དོ་དམ་གྱི་སྒྲོམ་གཞི་བཅས་ཕྱོགས་དྲུག་གི་ཐད་ལས་སྒོའི་བརྒྱུད་རིམ་བསྐྱར་གསོ་བྱས་ནས་ཁེ་ལས་ལ་གཅིག་འཐུས་ཞབས་ཞུ་སྒྲུབ་པས། རྣམ་གྲངས་དོན་འཁྱོལ་གྱི་མྱུར་ཚད་སྔར་ལས་མགྱོགས་སུ་ཕྱིན་ཡོད་ཅེས་གསུངས་པ་རེད།

རང་རྒྱལ་གྱི་ཚོང་གཉེར་ཁོར་ཡུག་ལེགས་བཅོས་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཁས་ལེན་ཐོབ་ཡོད། ད་ལོའི་སྤྱི་ཟླ་7པའི་ཟླ་མཇུག་ཏུ། འཛམ་གླིང་དངུལ་ཁང་གིས་སྙན་ཞུ་སྤེལ་བའི་ནང་། ཀྲུང་གོ་དེ་ཉིད་དཔལ་འབྱོར་མ་ལག་ཆེན་པོའི་ཁྲོད་སྤྱི་ལོ་2005ལོ་ཚུན་གྱི་ཚོང་གཉེར་ཁོར་ཡུག་ལེགས་བཅོས་བྱེད་ཚད་ཆེ་ཤོས་ཀྱི་དཔལ་འབྱོར་མ་ལག་ཅིག་ཡིན་པའི་ངོས་འཛིན་བྱས་ཡོད། ཚོང་གཉེར་ཁོར་ཡུག་ཟམ་མི་ཆད་པ་ལེགས་བཅོས་བྱས་པ་དེས་ཁེ་ལས་ཀྱི་ལས་ཆོད་སྔར་བས་མཐོ་བ་དང་གོང་འཕེལ་སྔར་བས་མགྱོགས་པ་བྱུང་ཡོད། ད་ལོའི་སྤྱི་ཟླ་8པར། ཀྲུང་གོའི་ཏཱ་ཐང་ཚོགས་པས་ཧའེ་ཁོའུ་རུ་མ་འཇོག་སྒོར་དུང་ཕྱུར་50བྱས་ནས་འཛུགས་སྐྲུན་བྱེད་པའི་འབར་རླངས་གློག་འདོན་འཕྲུལ་འཁོར་སྡེ་པ་གཉིས་ལས་འགོ་འཛུགས་གྲབས་ཡོད། ཁེ་ལས་ཀྱི་ཧའེ་ཁོའུ་ཀུང་སིའི་སྤྱི་ཁྱབ་སྤྱི་གཉེར་ཀྲང་ཡན་ཅིང་གིས། རྣམ་གྲངས་ལ་སྐུལ་འདེད་གཏོང་བའི་བརྒྱུད་རིམ་ཁྲོད་སྲིད་གཞུང་གི་ཞིབ་མཆན་འགོད་རྒྱུ་སྟབས་བདེར་བཏང་བའི་སྟབས་བདེ་དང་ཕན་འབྲས་དངོས་སུ་ཚོར་ཐུབ་བྱུང་། ང་ཚོར་ཉིན་བཅུ་གཅིག་ནང་ཀུང་སིས་ས་ཆའི་སྤྱོད་དབང་རག་པ་ཐོ་འགོད་བྱེད་པའི་ལས་དོན་རབ་དང་རིམ་པ་སྒྲུབ་རོགས་བྱས་པ་དེས་རྣམ་གྲངས་ལ་སྐུལ་འདེད་གཏོང་བའི་མྱུར་ཚད་ཆེས་ཆེར་མཐོ་རུ་ཕྱིན་སོང་ཞེས་བརྗོད་ཡོད་པ་རེད།  །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།