ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་རྒྱལ་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་བརྙན་འཕྲིན་ཁ་པར་གྲོས་ཚོགས་ལ་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-08-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བདུན་པའི་ཚེས་སོ་གཅིག་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཨུ་ཡོན་ལྷན་ཁང་གིས་རྒྱལ་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་བརྙན་འཕྲིན་ཁ་པར་གྲོས་ཚོགས་བསྡུས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་། མཆན་བཀོད་མཛུབ་སྟོན་ནང་བསྟན་དོན། ད་ལོའི་ཚུན་ལ་རྒྱལ་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་གནས་བབ་སྤྱིར་བཏང་དུ་བརྟན་འཇགས་ཡིན་ནའང་ཉེན་ཁ་མང་ཞིང་གནས་བབ་སྔར་བཞིན་ཛ་དྲག་དང་རྙོག་འཛིང་ཆེ་བས་ཅིས་ཀྱང་དོགས་ཟོན་དང་མཐོང་ཆེན་བྱེད་དགོས་པ་དང་། རྒྱུན་འཁྱོངས་ལྷོད་མེད་སྒོས་བདེ་འཇགས་དང་ཐོན་སྐྱེད་ཀྱི་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབ་དགོས། ས་གནས་སོ་སོ་དང་འབྲེལ་ཡོད་ལས་ཁུངས་དང་སྡེ་ཁག་སོ་སོས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་དང་བཀོད་སྒྲིག་ནན་ཏན་སྒོས་ལག་བསྟར་བྱས་ཏེ། ཚེ་སྲོག་ལ་གཅེས་སྤྲས་བྱེད་པ་དང་བདེ་འཇགས་ལ་གཙིགས་འཛིན་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། བདེ་འཇགས་འཕེལ་རྒྱས་འདུ་ཤེས་སྔར་ལས་ཇེ་དྲག་ཏུ་གཏོང་དགོས་ལ། ཚད་མཐའི་བསམ་བློ་ཇེ་དྲག་ཏུ་གཏོང་བ་དང་། ཕྱོགས་སོ་སོ་དང་ལས་རིམ་སོ་སོའི་བདེ་འཇགས་ཐོན་སྐྱེད་འགན་འཁྲི་དང་ལེན་བཟང་བོ་བྱེད་དགོས་པར་མ་ཟད། བདེ་འཇགས་ཐོན་སྐྱེད་ཀྱི་ཆེད་དོན་དག་ཐེར་བཅོས་སྐྱོང་དང་ཉིན་རྒྱུན་གྱི་བདེ་འཇགས་ཐོན་སྐྱེད་དོ་དམ་དམ་འཛིན་བྱེད་དགོས་པ་དང་། ལས་རིགས་གཙོ་བོའི་ཁྱབ་ཁོངས་སོ་སོའི་ཉེན་ཁར་ཞིབ་བཤེར་དང་བཅོས་སྐྱོང་ནན་མོ་བྱས་ནས། རྦད་ཆོད་སྒོས་དོན་རྐྱེན་ཚབས་ཆེན་འབྱུང་བ་གཏན་འགོག་བྱེད་དགོས། དེང་སྐབས་སྔར་བཞིན་དུ་ཞོད་འགོག་གནོད་སེལ་གྱི་གནད་འགག་དུས་སྐབས་སུ་གནས་ཡོད་པས། ལྷོ་བྱང་ཕྱོགས་ཀྱི་འབྲེལ་ཡོད་ཞིང་ཆེན་གྱིས་རྒྱུན་འཁྱོངས་ལྷོད་མེད་སྒོས་གཙང་བོ་དང་ཆུ་བོ་ཆེན་པོ་དང་མཚོའུ། དེ་མིན་ཆུ་མཛོད་དང་ཆུ་བོའི་བཞུར་རྒྱུན་གྱི་ཞོད་འགོག་གནོད་སེལ་རྒུད་སྐྱོབ་བྱ་བ་དམ་འཛིན་བྱེད་པར་མུ་མཐུད་དུ་མཛུབ་སྟོན་དང་རོགས་རམ་བྱེད་པ་དང་། ཆུ་ལོག་རྒྱུག་པ་དང་རི་ཉིལ་བ་སོགས་ཀྱི་གནོད་འཚེ་འགོག་སྲུང་བྱ་བར་ཤུགས་སྣོན་ཞིང་གནོད་ཐེབས་མང་ཚོགས་ཀྱི་འཚོ་བར་བཀོད་སྒྲིག་ཞིབ་མོ་བྱེད་པ་དང་། ས་གནས་ཀྱི་གནོད་ཐེབས་རྗེས་ཀྱི་ཐོན་སྐྱེད་སླར་གསོ་དང་ཁྱིམ་གཞི་དང་སྒྲིག་ཆས་བསྐྱར་འཛུགས་བྱེད་པར་རྒྱབ་སྐྱོར་བྱེད་དགོས་ལ། ཏན་ཏན་ཏིག་ཏིག་སྒོས་རྒྱ་མཚོའི་འགྲམ་རྒྱུད་ས་ཁུལ་གྱི་རྒྱ་མཚོའི་རླུང་འཚུབ་འགོག་སྲུང་གྲ་སྒྲིག་བྱ་བ་དམ་འཛིན་བྱེད་པ་དང་། ནུས་ཤུགས་གང་ཡོད་བཏོན་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་འགན་སྲུང་བྱེད་དགོས་ཟེར།

རྒྱལ་སྲིད་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཝང་ཡུང་གྲོས་ཚོགས་ལ་ཞུགས་ནས་གཏམ་བཤད་པ་དང་། རྒྱལ་སྲིད་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཀྲའོ་ཁི་ཀྲི་ཡིས་གྲོས་ཚོགས་ལ་འགོ་འཛིན་བྱས།

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།