ཀྲུང་གོ་བོད་ཀྱི་དྲ་བ།

ཟླ8པའི་ཟླ་མཇུག་གོང་དུ་སྒོ་རྩིས་ཚོང་ཁང་སོགས་གཙོ་གནད་ཁྱབ་ཁོངས་སུ་ཁྲིམས་ལྟར་ཞིབ་བཤེར་བྱས་ཏེ་འགྱིག་ཤོག་སྦགས་བཙོག་ནུས་ལྡན་དང་གོ་རིམ་ལྡན་པའི་སྒོ་ནས་བཅོས་སྒྲིག་བྱ་རྒྱུ་རེད།

ཡོང་ཁུངས། : མི་དམངས་དྲ་བ།     སྤེལ་དུས། : 2020-07-31
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ཆར། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་སོགས་སྡེ་ཚན་དགུ་ཡིས《འགྱིག་ཤོག་སྦགས་བཙོག་བཅོས་སྒྲིག་ལས་དོན་ལ་སྐུལ་འདེད་ཏན་ཏིག་གཏོང་རྒྱུའི་སྐོར་གྱི་བརྡ་ཐོ》(གཤམ་ལ《བརྡ་ཐོ》ཞེས་བསྡུ་རྒྱུ)བཀྲམ་ནས། འགྱིག་ཤོག་སྦགས་བཙོག་བཅོས་སྒྲིག་ལས་དོན་སྔར་བས་ཡག་པོ་སྒྲུབ་པ་དང་ལྷག་པར་དུ་2020ལོའི་ལོ་མཇུག་གི་དུས་མཚམས་རང་བཞིན་གྱི་དམིགས་ཚད་ལས་འགན་ལེགས་སྒྲུབ་བྱ་རྒྱུའི་བཀོད་སྒྲིག་བྱས་ཤིང་། ཟླ8པའི་ཟླ་མཇུག་གོང་། ས་ཁུལ་ཁག་གིས་སྒོ་རྩིས་ཚོང་ཁང་དང་། ཚོང་འདུས། བཟའ་བཏུང་ལས་རིགས་སོགས་གཙོ་གནད་ཁྱབ་ཁོངས་སུ་འགྱིག་ཤོག་སྤྱོད་མཚམས་འཇོག་པར་སྐུལ་འདེད་གཏོང་བའི་གནས་ཚུལ་ལ་ཆེད་དོན་ཁྲིམས་བསྟར་ཞིབ་བཤེར་བྱེད་འགོ་འཛུགས་རྒྱུ་ཡིན་པ་རེད།

“སྤྱོད་གཅིག་མའི”འགྱིག་ཤོག་མི་ཉུང་བ་ཞིག་ལོ་མཇུག་ཏུ་སྤྱོད་མཚམས་འཇོག་རྒྱུ།

འདི་ལོའི་ཟླ་1པོར《འགྱིག་ཤོག་སྦགས་བཙོག་བཅོས་སྒྲིག་ལ་སྔར་བས་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆར》བཀྲམ་ནས་ལག་བསྟར་བྱས་པ་རེད། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་སྤྱི་ཁོག་དཔལ་འབྱོར་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་གཞོན་པ་ཀྲང་ཏེ་ཡོན་གྱིས། 2007ལོར་ཡོངས་བསྒྲགས་བྱས་པའི་སྲིད་ཇུས་དང་བསྡུར་ན། “པར་གཞི་གསར་པའི་འགྱིག་ཤོག་དུས་བཀག་ལྟར་སྤྱོད་མཚམས་འཇོག་དགོས་པའི་བཀའ་རྒྱའི”ནང་འགྱིག་ཤོག་ཐོན་སྐྱེད་དང་། འཁོར་རྒྱུག འཛད་སྤྱོད། མཇུག་སྣེ་བཅས་སུ་ཁྱབ་པའི་དུས་འཁོར་ཧྲིལ་པོ་ཐག་གཅོད་བྱེད་པའི་སྲིད་ཇུས་མ་ལག་བཙུགས་ནས། ཀྲུང་གོའི་འགྱིག་ཤོག་སྦགས་བཙོག་བཅོས་སྒྲིག་གི་རྒྱང་སྐྱོད་ལམ་བུ་གསར་པ་གཏོད་ཡོད་པའི་ངོས་འཛིན་བྱས་ཡོད།

དེའང་སྔོན་ལ་མཁོ་སྤྲོད་ཕྱོགས་ལ་བལྟས་ན། “པར་གཞི་གསར་པའི་འགྱིག་ཤོག་དུས་བཀག་ལྟར་སྤྱོད་མཚམས་འཇོག་དགོས་པའི་བཀའ་རྒྱ”གཞིར་བཟུང་། མཐུག་ཚད་ཧའོ་སྨི་0.025ལས་ཆུང་བའི་འགྱིག་ཤོག་སྲབ་མོའི་ཁུག་མ་དང་། མཐུག་ཚད་ཧའོ་སྨི་0.01ལས་ཆུང་བའི་ཞིང་སྤྱོད་འགྱིག་ཤོག་ཐོན་སྐྱེད་དང་ཕྱིར་ཚོང་གཏན་འགོག་བྱེད་པ་དང་། སྨན་བཅོས་སྙིགས་རོ་རྒྱུ་ཆར་བྱས་ནས་འགྱིག་ཤོག་བཟོ་བ་གཏན་འགོག་བྱེད་དགོས། འགྱིག་རོ་ནང་འདྲེན་བྱེད་རིགས་ཕྱོགས་ཡོངས་ནས་གཏན་འགོག་བྱེད་དགོས་ཤིང་། ལོ་མཇུག་ཏུ་སླེབས་སྐབས་སྤྱོད་གཅིག་མའི་འགྱིག་ཕོར་དང་། སྤྱོད་གཅིག་མའི་འགྱིག་གི་ཨམ་ཆོག་སྔོག་ཆས་ཐོན་སྐྱེད་དང་ཕྱིར་ཚོང་། འགྱིག་ཤོག་གི་རྫས་འགྱུར་ཐོན་རྫས་ཐོན་སྐྱེད་བཅས་གཏན་འགོག་བྱེད་དགོས།

དེ་ནས་འཛད་སྤྱོད་པའི་ཕྱོགས་ལ་བལྟས་ན། ལོ་མཇུག་ཏུ་སླེབས་སྐབས། ཐད་གཏོགས་གྲོང་ཁྱེར་དང་། ཞིང་ཆེན་གྱི་ལྟེ་བའི་གྲོང་ཁྱེར། འཆར་གཞི་ལོགས་བཀོད་ཀྱི་གྲོང་ཁྱེར་བཅས་ཀྱི་འཛུགས་སྐྲུན་ཁུལ་གྱི་ཁྲོམ་ར་དང་། སྒོ་རྩིས་ཚོང་ཁང་། སྨན་ཚོང་ཁང་། དཔེ་ཚོང་ཁང་སོགས་དང་། བཟའ་བཏུང་ཐུམ་སྒྲིལ་ཕྱིར་ཚོང་ཞབས་ཞུ་དང་འགྲེམས་ཚོགས་ཀྱི་བྱེད་སྒོ་སྣ་ཚོགས་སུ་བཞུར་ཡལ་མི་ཐུབ་པའི་འགྱིག་ཁུག་སྤྱོད་རྒྱུ་གཏན་འགོག་བྱས་ནས་ཚོང་འདུས་ཚད་ལྡན་དུ་གཏོང་བ་དང་བཞུར་ཡལ་མི་ཐུབ་པའི་འགྱིག་ཁུག་སྤྱོད་རྒྱུ་ཚོད་འཛིན་བྱ་རྒྱུ། རྒྱལ་ཡོངས་ཁྱབ་ཁོངས་ཀྱི་བཟའ་བཏུང་ལས་རིགས་སུ་བཞུར་ཡལ་མི་ཐུབ་པའི་སྤྱོད་གཅིག་མའི་འགྱིག་གི་འཇིབ་སྦུག་སྤྱོད་རྒྱུ་གཏན་འགོག་བྱ་རྒྱུ། ས་ཁུལ་རིམ་པ་ཡན་གྱི་གྲོང་ཁྱེར་གྱི་གྲོང་ཁྱེར་འཛུགས་སྐྲུན་ཁུལ་དང་མཛེས་ལྗོངས་ཁུལ་གྱི་བཟའ་བཏུང་དང་ཟ་ཁང་གི་ཞབས་ཞུ་ཁུལ་དུ་བཞུར་ཡལ་མི་ཐུབ་པའི་སྤྱོད་གཅིག་མའི་འགྱིག་ཕོར་སྤྱོད་རྒྱུ་གཏན་འགོག་བྱ་རྒྱུ་རེད།

རིམ་པ་བཞིན་འགན་འཁྲི་ནན་དུ་བཏང་ནས་གཅིག་དཔེ་བརྒྱ་འགེབས་མི་བྱེད་པ།

འགྱིག་ཤོག་སྦགས་བཙོག་བཅོས་སྒྲིག་བྱེད་པར་དགོས་གཏུག་ཀྱི་སེམས་པ་དང་འགན་སེམས་ཆེ་རུ་གཏོང་དགོས་ལ། བཀོལ་སྤྱོད་རང་བཞིན་དངོས་ལ་ཕན་ཚུན་ལྟ་རྟོག་བྱས་ནས་ཚན་རིག་དང་མཐུན་པའི་དོ་དམ་ཡང་བྱེད་དགོས།

《བརྡ་ཐོའི》ནང་བླང་བྱ་བཏོན་དོན། ས་ཁུལ་ཁག་གིས་ཟླ་8པའི་ཟླ་དཀྱིལ་གྱི་གོང་དུ་ཞིང་ཆེན་རིམ་པའི་ལག་བསྟར་ཇུས་གཞི་བཏོན་ནས། ལས་འགན་ཁག་བགོས་ཞིབ་ཕྲ་བྱེད་པ་དང་འགན་འཁྲི་རིམ་བཞིན་དམ་ནན་དུ་གཏོང་དགོས་པ་དང་། ཞིང་ཆེན་གྱི་ལྟེ་བའི་གྲོང་ཁྱེར་དང་། འཆར་གཞི་ལོགས་བཀོད་ཀྱི་གྲོང་ཁྱེར། ས་ཁུལ་རིམ་པ་ཡན་གྱི་གྲོང་ཁྱེར་སོགས་ཀྱིས་ས་གནས་དེ་གའི་དོན་དངོས་དང་ཟུང་འབྲེལ་བྱ་རྒྱུར་ལྟ་སྐུལ་བྱས་ཏེ། 2020ལོའི་ལོ་མཇུག་གོང་གི་དུས་མཚམས་རང་བཞིན་གྱི་དམིགས་ཚད་ལ་དམིགས་ནས་ཁྱབ་ཁོངས་ཁག་གི་གཙོ་གནད་དང་དཀའ་གནད་ལ་དབྱེ་ཞིབ་དཔྱད་དཔོག་བྱེད་པ་དང་། བཀོལ་སྤྱོད་ཆོག་པ་དང་ཕན་འབྲས་ལྡན་པའི་སྐུལ་འདེད་བྱེད་ཐབས་ཞིབ་ཕྲ་འདོན་རྒྱུར་ཞིབ་འཇུག་བྱས་ནས་དུས་བཀག་ལྟར་དམིགས་ཚད་ལས་འགན་ལེགས་གྲུབ་ཡོང་བའི་འགན་ལེན་བྱེད་དགོས།

ཁྱད་པར་རང་བཞིན་ལ་བསམ་གཞིག་གང་ལེགས་བྱས་ཏེ《བརྡ་ཐོའི》ནང“གཅིག་དཔེ་བརྒྱ་འགེབས”བྱེད་མི་རུང་བ་བཏོན་ཡོད། ཆིང་ཧྭ་སློབ་ཆེན་ཁོར་ཡུག་སློབ་གླིང་གི་དགེ་རྒན་ཆེ་མོ་བ་ཝུན་ཙུང་གོས་ངོས་འཛིན་བྱས་དོན། 《བརྡ་ཐོའི》ནང་ས་ཁུལ་དབར་དང་། ལས་རིགས་དབར་གྱི་ཁྱད་པར་ལ་བསམ་གཞིག་གང་ལེགས་བྱས་ཏེ་ཁྱད་པར་ཅན་གྱི་དོ་དམ་ཚོད་འཛིན་བྱེད་ཐབས་མཁོ་འདོན་བྱེད་པ་དང་། རྒྱལ་ཁབ་ཀྱི་གཞི་རྩའི་གནས་ཚུལ་དང་ཡུལ་བབ་དང་འཚམ་པའི་རྩ་དོན་དང་བསྟུན་ནས་ཕྱོགས་བསྡུས་བཅོས་སྒྲིག་བྱེད་ཐབས་རིམ་བཞིན་དོན་འཁྱོལ་བྱེད་དགོས། བཞུར་ཡལ་མི་ཐུབ་པའི་འགྱིག་ཤོག་དཔེར་དྲངས་ནས་བརྗོད་ན། 2020ལོའི་ལོ་མཇུག་ཏུ་སླེབས་སྐབས། ཐད་གཏོགས་གྲོང་ཁྱེར་དང་། ཞིང་ཆེན་གྱི་ལྟེ་བའི་གྲོང་ཁྱེར་། འཆར་གཞི་ལོགས་བཀོད་ཀྱི་གྲོང་ཁྱེར་བཅས་ཀྱི་གྲོང་ཁྱེར་འཛུགས་སྐྲུན་ཁུལ་གྱི་ཁྲོམ་ར་དང་། སྒོ་རྩིས་ཚོང་ཁང་། སྨན་ཚོང་ཁང་། དཔེ་ཚོང་ཁང་སོགས་དང་། བཟའ་བཏུང་ཐུམ་སྒྲིལ་དང་ཕྱིར་ཚོང་ཞབས་ཞུ་དང་འགྲེམས་ཚོགས་བྱེད་སྒོ་སྣ་ཚོགས་སུ“བེད་སྤྱོད་བྱེད་མཚམས་འཇོག་པ”དང་། འོན་ཀྱང་ཚོང་འདུས་ཁྲོམ་རར“ཚད་ལྡན་དང་ཚོད་འཛིན་བྱེད”དགོས། 2022ལོའི་ལོ་མཇུག་ཏུ་སླེབས་སྐབས“བེད་སྤྱོད་བྱེད་མཚམས་འཇོག་པའི”ལག་བསྟར་ཁྱབ་ཁོངས་དེ་ས་ཁུལ་རིམ་པ་ཡན་གྱི་གྲོང་ཁྱེར་གྱི་གྲོང་ཁྱེར་འཛུགས་སྐྲུན་ཁུལ་དང་མཚོ་རྒྱུད་ས་ཁུལ་གྱི་རྫོང་གྲོང་གི་འཛུགས་སྐྲུན་ཁུལ་དུ་རྒྱ་སྐྱེད་གཏོང་རྒྱུ་རེད།

ཚབ་རྫས་ཐོན་ནུས་ཀྱིས་འཛད་སྤྱོད་ཀྱི་དགོས་མཁོ་སྐོང་ཐུབ་པ།

ཀྲུང་གོ་ཚོང་ལས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ཀྲང་ལི་ཅུན་གྱིས་ངོ་སྤྲོད་བྱས་དོན། སིལ་ཚོང་ཁེ་ལས་ཀྱིས“པར་གཞི་གསར་པའི་འགྱིག་ཤོག་དུས་བཀག་ལྟར་སྤྱོད་མཚམས་འཇོག་དགོས་པའི་བཀའ་རྒྱ”དང་ལེན་ཧུར་ཐག་བྱེད་འགོ་ཚུགས་པ་དང་འབྲེལ་ལག་ལེན་དུ་འཁྱོལ་ཐུབ་ངེས་ཀྱི་ཚབ་བྱེད་ཇུས་གཞི་ཁག་གཅིག་ཆགས་ཡོད། ཚོང་ཁང་མང་པོ་ཞིག་གིས་འཛད་སྤྱོད་པར་འཁལ་མེད་རས་ཀྱི་ཁོར་ཡུག་སྲུང་སྐྱོང་གི་ཟོག་ཁུག་མཁོ་འདོན་བྱེད་པ་དང་། དཔེ་ཚོང་ཁང་འགའ་ཤས་ཀྱིས་སྟབས་བདེའི་ཤོག་ཐུམ་གྱིས་ཟོག་ཁུག་གི་ཚབ་བྱེད་པར་ཕན་འབྲས་ཡག་པོ་ཐོན་ཡོད། སྤྱོད་གཅིག་མའི་འགྱིག་ཤོག་འཇིབ་སྦུག་བཀོལ་སྤྱོད་ཇེ་ཉུང་དུ་གཏོང་ཆེད། བཟའ་བཏུང་ལས་རིགས་འགའ་ཤས་ཀྱིས་བཏུང་བྱ་གྲང་མོའི་ཕོར་པའི་ཁ་གཅོད་ལེགས་བཅོས་བྱས་ནས་བཏུང་བྱའི་ཕོར་པའི་ཁ་གཅོད་ལ“འཇིབ་སྦུག་དང་ཕོར་པའི་ཁ་གཅོད”སྡེབ་སྒྲིག་བྱེད་ཐབས་སྤྱད་ཡོད། སྤྱོད་གཅིག་མའི་འགྱིག་གྲི་དང་ཐུར་མའི་ཟད་གྲོན་ཉུང་དུ་གཏོང་ཆེད་ཆ་རྐྱེན་འཛོམས་པའི་བཟའ་བཏུང་ཁེ་ལས་མང་པོ་ཞིག་གིས་ཟ་ཁང་ནང་ཡང་བསྐྱར་སྤྱོད་རུང་བའི་ཕོར་པ་བེད་སྤྱོད་བྱེད་ཀྱི་ཡོད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།