ཀྲུང་གོ་བོད་ཀྱི་དྲ་བ།

སྐར་མ་མིག་དམར་ཐོག་འཚོལ་ཞིབ་ཐིག་ལེན་གྱི་ལས་འགན་ཐོག་མར་སྒྲུབ་མཁན་རང་རྒྱལ་གྱི“ཐེན་ཝུན་རྟགས་ཅན་ཨང་དང་པོའི”འཚོལ་ཞིབ་ཐིག་ལེན་འཕྲུལ་ཆས་ཀྱིས་སའི་གོ་ལ་དང་ཟླ་བའི་གོ་ལའི་མཉམ་པར་བསྐུར་ཡོང་བ།

ཡོང་ཁུངས། : མི་དམངས་དྲ་བ།     སྤེལ་དུས། : 2020-07-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་རྒྱལ་ཁབ་འཇིག་རྟེན་འཕུར་སྐྱོད་ཅུས་ནས་ཤེས་རྟོགས་བྱུང་བར། མིག་སྔར་སྐར་མ་མིག་དམར་ཐོག་འཚོལ་ཞིབ་ཐིག་ལེན་གྱི་ལས་འགན་ཐོག་མར་སྒྲུབ་མཁན་རང་རྒྱལ་གྱི“ཐེན་ཝུན་རྟགས་ཅན་ཨང་དང་པོའི”འཚོལ་ཞིབ་ཐིག་ལེན་འཕྲུལ་ཆས་ཀྱི་འཕུར་སྐྱོད་གནས་ཚུལ་ཡག་པ་དང་། ནུས་རྒྱུ་དོ་སྙོམས། ལས་སྒྲུབ་གནས་ཚུལ་རྒྱུན་གཏན་ལྟར་ཡིན་པ། ས་ངོས་ཀྱི་ཚད་ལེན་ཚོད་འཛིན་དང་རྗེས་འདེད་བརྟན་པོ་ཡོད་པ། འཕུར་སྐྱོད་ཚོད་འཛིན་དང་གྲངས་གཞི་བསྡུ་ལེན་གོ་རིམ་ལྡན་ལ་ཤར་བགྲོད་ཐུབ་པ་བཅས་བྱུང་ནས་ལས་དོན་ཁག་བདེ་བླག་ངང་སྤེལ་བཞིན་ཡོད། འཚོལ་ཞིབ་ཐིག་ལེན་འཕྲུལ་ཆས་སའི་གོ་ལའི་འཐེན་ཤུགས་ཀྱི་ཤུགས་རྐྱེན་ཐེབས་ཁོངས་ལས་བྲལ་ཏེ། རྒྱུ་སྐར་སྤོ་སྒྱུར་འཁོར་ལམ་ནང་འཛུལ་ནས་འཕུར་ཏེ་སའི་གོ་ལ་དང་བར་ཐག་སྤྱི་ལེ་ཁྲི150ལྷག་ཙམ་ཟིན་ཡོད།

ཟླ7པའི་ཚེས27ཉིན། པེ་ཅིང་འཇིག་རྟེན་འཕུར་སྐྱོད་ཚོད་འཛིན་ལྟེ་གནས་ཀྱི་འཕུར་སྐྱོད་ཚོད་འཛིན་ཚོགས་པ་དང་ཀྲུང་གོ་འཇིག་རྟེན་འཕུར་སྐྱོད་ཚན་རྩལ་ཚོགས་པའི་ཚོད་ལྟ་རུ་ཁག་གིས་གཞོགས་འདེགས་དམ་ཟབ་བྱས་པ་བརྒྱུད། “ཐེན་ཝུན་རྟགས་ཅན་ཨང་དང་པོའི”འཚོལ་ཞིབ་ཐིག་ལེན་འཕྲུལ་ཆས་ཀྱིས་སའི་གོ་ལ་དང་བར་ཐག་སྤྱི་ལེ་ཁྲི120ཙམ་གྱི་ས་ནས་སའི་གོ་ལར་ཕྱིར་ལྟ་བྱས་ཏེ་འོད་རིག་ཕྱོགས་ཁྲིད་ཚོར་སྐྱེན་ཡོ་ཆས་སྤྱད་ནས་སའི་གོ་ལ་དང་ཟླ་བའི་གོ་ལར་པར་བླངས་པས་སའི་གོ་ལ་དང་ཟླ་བའི་གོ་ལའི་མཉམ་པར་ལེན་ཐུབ་ཡོད། ཚོན་མདོག་དཀར་ནག་ལས་གྲུབ་པའི་མཉམ་པར་དེའི་ནང་སའི་གོ་ལ་དང་ཟླ་བའི་གོ་ལ་ཆེ་ཆུང་མི་འདྲ་བ་དང་ཚང་མ་ཚེས་ཤར་ཟླ་བའི་དབྱིབས་ལྟར་མཐའ་ཡས་པའི་འཇིག་རྟེན་ཁམས་ནང་ཕན་ཚུན་ལྟ་རེས་བྱེད་པ་ལྟར་སྣང་།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།