ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཀྲན་ཧྲུའུ་ཡིས་མགོ་འཛིན་མཛད་དེ་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ས་གཤིས་སྦགས་བཙོག་བཅོས་སྐྱོང་བཅའ་ཁྲིམས་ཀྱི་ཁྲིམས་འཛིན་ཞིབ་བཤེར་ཚན་ཆུང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-07-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་ཚེས་ཉེར་བདུན་ཉིན་པེ་ཅིང་ནས་མགོ་འཛིན་མཛད་དེ་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ས་གཤིས་སྦགས་བཙོག་འགོག་བཅོས་བཅའ་ཁྲིམས་ཀྱི་ཁྲིམས་འཛིན་ཞིབ་བཤེར་ཚན་ཆུང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་བསྡུས། ལིས་ཀྲན་ཧྲུའུ་ཡིས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ཁྱད་པར་དུ་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པར་གཏིང་ཟབ་ཏུ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་ཤིང་། གཙོ་གནད་འབུར་དུ་ཐོན་པ་དང་ཆུང་བས་ཆེ་བར་སྐུལ་ཁྲིད་བྱེད་པ། དོན་ཚན་རེ་རེ་བཞིན་བཅའ་ཁྲིམས་གཏན་འཁེལ་གཞིར་བཟུང་ནས་ཞིབ་བཤེར་བྱས་ཏེ། ས་གཤིས་སྦགས་བཙོག་འགོག་བཅོས་བཅའ་ཁྲིམས་དེ་ཕན་ནུས་ལྡན་པར་ལག་བསྟར་གང་ལེགས་བྱེད་དགོས་པར་བསྟན། 

ལིས་ཀྲན་ཧྲུའུ་ཡིས་གསུངས་དོན། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་སྦགས་བཙོག་འགོག་བཅོས་བྱེད་པའི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་བཏོན་པ་དང་། གནམ་སྔོན་པོ་དང་དྭངས་གཙང་གི་ཆུ་བོ། དག་གཙང་གི་ས་གཞི་བཅས་ལ་སྲུང་སྐྱོབ་བྱེད་པར་སྐུལ་འདེད་བཏང་ནས། སྐྱེ་ཁམས་ཁོར་ཡུག་གི་རྒྱུ་སྤུས་བསྟུད་མར་ལེགས་བཅོས་བྱེད་པར་འགན་སྲུང་བྱས། 

ལིས་ཀྲན་ཧྲུའུ་ཡིས་བསྟན་དོན། ས་གཤིས་སྦགས་བཙོག་འགོག་བཅོས་བྱེད་པའི་བཅའ་ཁྲིམས་ནི་སྐབས་འདིའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ལས་འགན་ལག་བསྟར་བྱེད་པའི་ལོ་དང་པོར་གཏན་འབེབས་བྱས་པའི་བཅའ་ཁྲིམས་གལ་ཆེན་ཞིག་ཡིན། ཐེངས་འདིའི་ཁྲིམས་འཛིན་ཞིབ་བཤེར་དེ་གཙོ་གནད་ལྔར་དམིགས་ནས་སྤེལ་དགོས་ཏེ། གཅིག་ནས་བཅའ་ཁྲིམས་ཀྱི་དོན་ཚན་དང་གཏན་འཁེལ་གལ་ཆེན་དངོས་འབེབ་བྱས་པའི་གནས་ཚུལ་ལྟར་དུ། གཙོ་བོ་ཞིང་བའི་ས་ཞིང་དང་འཛུགས་སྐྲུན་བྱེད་སའི་སྦགས་བཙོག་བཅོས་སྐྱོང་བྱེད་དགོས། གཉིས་ནས་སྲིད་གཞུང་གི་ཁྲིམས་བཅད་འགན་འཁྲིའི་དངོས་འབེབ་གནས་ཚུལ་ལྟར་དུ། རིམ་པ་སོ་སོའི་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཁག་གིས་མགོ་ཁྲིད་འགན་འཁྲི་དང་ལྟ་རྟོག་དོ་དམ་འགན་འཁྲི། བྱ་བའི་འགན་འཁྲི་བཅས་ལག་བསྟར་ནན་མོ་བྱེད་པར་སྐུལ་འདེད་གཏོང་དགོས། གསུམ་ནས་བཅའ་ཁྲིམས་ལག་བསྟར་གྱི་འགན་སྲུང་དང་ལྟ་རྟོག་གནས་ཚུལ་ལྟར་དུ། ནོར་སྲིད་དང་ཁྲལ་བསྡུ། དངུལ་ལོར་སོགས་འགན་སྲུང་བྱེད་ཐབས་དངོས་འབེབ་བྱེད་པར་སྐུལ་འདེད་གཏོང་དགོས། བཞི་ནས་ཁྲིམས་འགལ་བྱ་སྤྱོད་ཀྱི་རྩད་ཞིབ་ཆད་གཅོད་གནས་ཚུལ་ལྟར་དུ། འབྲེལ་ཡོད་ཕྱོགས་ཀྱིས་བཅའ་ཁྲིམས་ལག་བསྟར་ནན་མོ་བྱེད་པ་དང་། བཅའ་ཁྲིམས་ལག་བསྟར་བྱེད་ཚད་ངེས་པར་ནན་མོ་ཡིན་དགོས་པ་དང་ངེས་པར་རྩད་ཞིབ་བྱེད་དགོས། ལྔ་ནས་ཆ་ཚང་གཏན་འཁེལ་དང་ཚད་གཞིའི་གཏན་འབེབས་གནས་ཚུལ་ལྟར་དུ། འབྲེལ་ཡོད་སྡེ་ཁག་གིས་མྱུར་དུ་བྱེད་ཐབས་བཏོན་ནས་དངོས་འབེབ་དམ་འཛིན་བྱེད་པར་སྐུལ་འདེད་གཏོང་དགོས། 

ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་སོ་སོའི་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འགན་ཁུར་བློ་མཐུན་དག་བརྙན་རིས་ཀྱི་ཐབས་ལ་བརྟེན་ནས་གྲོས་ཚོགས་ལ་ཞུགས། 

ཐེངས་འདིའི་བཅའ་ཁྲིམས་ལག་བསྟར་ཞིབ་བཤེར་སྐབས་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་ཚན་གཙོའི་འགན་ཁུར་ཡོད་ཅིང་། ཞིབ་བཤེར་ཚན་ཆུང་གསུམ་དུ་བགོས་པ་དང་ཞིང་ཆེན་དྲུག་ཏུ་སོང་ནས་ཡུལ་དངོས་ཞིབ་བཤེར་བྱས་པར་མ་ཟད། ཞིང་ཆེན་རིམ་པའི་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གཞན་པས་ཞིབ་བཤེར་བྱ་བ་སྤེལ་བར་ངག་བཅོལ་བྱས་ཏེ། ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་སོ་གཅིག་ཡོངས་ལ་ཁྱབ་པ་མངོན་འགྱུར་བྱས། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།