ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རིམས་ནད་རྒྱུན་རྣམ་ཅན་གྱི་སྔོན་འགོག་དང་ཚོད་འཛིན་བྱེད་པའི་འོག ཧྲང་ཧའེ་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་སྐབས་ཉེར་གསུམ་པས་གསར་གཏོད་ཕྱོགས་སྒྱུར་དང་སྤྱི་ཕན་དམངས་ཕན་མཐའ་འཁྱོངས་བྱས་ནས། ཟླ7པའི་ཚེས25ཉིན་ནས་བཟུང་གྲོང་ཁྱེར་ཡོངས་ཀྱི་ཚོང་ཁུལ་དང་སྡེ་ཁུལ་ཁག་ཅིག་ཏུ་ཁང་ཕྱིར་གློག་བརྙན་སྟོན་པའི་བྱེད་སྒོ་སྤེལ་ཏེ། ཧྲང་ཧའེ་ཡི་མཚན་མོའི་དཔལ་འབྱོར་འཁྲུག་ཆ་ཇེ་དོད་དུ་བཏང་བ་རེད།
ཐེངས་འདིའི་ཁང་ཕྱིར་གློག་བརྙན་སྟོན་པའི་བྱེད་སྒོར་ཞུགས་པའི་ཚོང་ཁུལ་དུ་ཧོང་ཕུའུ་ཆུས་ཀྱི་གནམ་ས་གསར་པ་དང་། ཅིང་ཨན་ཆུས་ཀྱི་ཏཱ་ཉིང་རོལ་དབྱངས་ཐང་ཆེན་དང་ཏཱ་ཉིང་རྒྱལ་སྤྱི། ཕུའུ་ཐུའོ་ཆུས་ཀྱི་ཧོན་ཆིའུ་ཀང་། ཕུའུ་ཏུང་ཁུལ་གསར་གྱི་གསེར་ཟམ་རྒྱལ་སྤྱི། སུང་ཅང་ཆུས་ཀྱི་ཁའེ་ཡོན་ས་དབུས་རྒྱ་མཚོ་དང་སྤྲིན་གསེབ་འབྲུ་མཛོད་བཅས་ཚུད་ཡོད་པ་རེད། ཚོང་ཁུལ་གྱི་བསྟན་བྱའི་གློག་བརྙན་གྲས་སུ་མི་རབས་དུ་མའི་དྲན་ཤེས་ལ་བརྒྱུས་པའི《ཏཱ་ལི་ཞའོ་ལི་ལའོ་ལི》སོགས་རྩེར་སོན་གློག་བརྙན་གྱི་བཟོ་བཅོས་པར་གཞི་དང་། ཉེ་བའི་ལོ་ཤས་རིང་སྐད་གྲགས་ཆོད་པའི《རྒྱ་སྡེའི་ཁྲོམ་གཞུང་ནས་གྱོད་གཞིར་མྱུལ་ཞིབ་བྱས་པ》དང་། 《ཡེ་ཝུན4》《རྩེར་སྙེག་མཁན》སོགས་དང་། ད་དུང་ཉེ་བའི་ལོ་ཤས་རིང་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་ཆེ་གྲས་ཁག་ཏུ་བྱ་དགའ་ཐོབ་པའི་གློག་བརྙན《རྒྱབ་ཤ་ལྗང་ཁུའི་དེབ》དང《ཧྥོ་ལན་ཚི》སོགས་ཀྱང་ཡོད་པ་རེད། གློག་བརྙན་སྟོན་ས་ཁག་ཅིག་གིས་ད་དུང་གློག་བརྙན་བ་དང་གློག་བརྙན་དཔྱད་བརྗོད་པ་གྲགས་ཅན་སོགས་གདན་དྲངས་ནས་ལྟད་མོ་བ་དང་མཉམ་དུ་གློག་བརྙན་བལྟས་རྗེས་ཀྱི་མྱོང་ཚོར་གླེང་རྒྱུ་ཡིན་པ་རེད།
དེ་དག་ལས་ཕུའུ་ཏུང་ཁུལ་གསར་གྱི་སྡེ་ཁུལ36ཏུ་བཙུགས་པའི་ཁང་ཕྱིའི་གློག་བརྙན་སྟོན་སར་ཟླ་7ཚེས་26ཉིན་ནས་བཟུང་ཧྲང་ཧའེ་རྒྱལ་སྤྱིའི་གློག་བརྙན་དུས་ཆེན“རྒྱུད་གཅིག་ལམ་གཅིག”གློག་བརྙན་གཟའ་འཁོར་གྱི་གློག་བརྙན12སྟོན་རྒྱུ་ཡིན་པ་སྟེ། དེ་དག་ཁྲོད་དུ་འདི་ལོའི“རྒྱུད་གཅིག་ལམ་གཅིག”གློག་བརྙན་གཟའ་འཁོར་དུ་བསྟན་པའི་གློག་བརྙན་གསར་པ《སྤྲིན་དཀར་གྱི་འོག》དང《དངུལ་ཁང་ལས་གཉེར་པ》སོགས་དང་དེ་བཞིན2018ལོའི“རྒྱུད་གཅིག་ལམ་གཅིག”གི་གློག་བརྙན་གཟའ་འཁོར་ཐོག་སྨྱན་སྦྱོར་གྱི་དོ་ཁུར་ཐོབ་པའི་གློག་བརྙན་བའི་གཟི་བརྗིད་མཚན་སྙན་ཐོབ་པའི་ཀྲུང་གོའི་གློག་བརྙན《ཞི་འཇམ་གྱི་བརྩེ་བ》སོགས་ཀྱང་ཡོད་པ་རེད། གློག་བརྙན་འདི་དག་ནི“རྒྱུད་གཅིག་ལམ་གཅིག”གི་གློག་བརྙན་དུས་ཆེན་མནའ་འབྲེལ་གྱི་རྒྱལ་ཁབ་ཁག་གི་ཁོངས་མིའི་སྒྲིག་གཞིས་འོས་སྦྱོར་བྱས་པའི་ཕུལ་བྱུང་གློག་བརྙན་གསར་པའི་ཁྲོད་ནས་བདམས་པ་ཡིན་པས་ལམ་རྒྱུད་རྒྱལ་ཁབ་ཁག་གི་མི་ཆོས་རིག་གནས་ཀྱི་ཁྱད་ཆོས་དང་རང་བྱུང་གི་མཛེས་ལྗོངས་མངོན་ཡོད་པ་རེད། །
རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།
ཧྲང་ཧའེ་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་ལ་ཁང་ཕྱིར་གློག་བརྙན་སྟོན་པ།