ཀྲུང་གོ་བོད་ཀྱི་དྲ་བ།

འཕྲལ་སྡོམ་དོ་དམ་པུའུ་མེ་ཟོན་རོགས་སྐྱོབ་ཅུས་ཀྱིས་འབྲུབ་འགོག་བཀོད་སྒྲིག་བྱ་ཡུལ་ལ་མེ་ཟོན་བདེ་འཇགས་དྲན་སྐུལ་བྱས་པ།

ཡོང་ཁུངས། : མི་དམངས་དྲ་བ།     སྤེལ་དུས། : 2020-07-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་དུས་རང་རྒྱལ་གྱི་འབྲི་ཆུ་དང་ཧུའེ་ཧོ་གཙང་པོའི་འབབ་རྒྱུད་དུ་ཆུ་ལོག་དང་འཁྱིལ་ཆུའི་གནོད་འཚེ་ཕོག་ནས་གནོད་འཚེ་ཕོག་པའི་མང་ཚོགས་ཁག་གཅིག་འབྲུབ་འགོག་བཀོད་སྒྲིག་བྱ་ཡུལ་དུ་གནས་སྐབས་རིང་གནས་སྤོ་བྱེད་དུ་བཅུག་ཡོད། བཀོད་སྒྲིག་བྱ་ཡུལ་དུ་མི་སྣ་གཅིག་སྡུད་ཆེ་བ་དང་གནས་སྐབས་རིང་མེ་དང་གློག་སྤྱོད་ཚད་མང་དུ་སོང་ནས་མེ་སྐྱོན་ཐོན་ཉེན་ཆེན་པོ་ཡོད། ཟླ་7ཚེས་25ཉིན་འཕྲལ་སྡོམ་དོ་དམ་པུའུ་མེ་ཟོན་རོགས་སྐྱོབ་ཅུས་ཀྱིས་འབྲུབ་འགོག་བཀོད་སྒྲིག་བྱ་ཡུལ་ལ་མེ་ཟོན་བདེ་འཇགས་ཀྱི་དྲན་སྐུལ་བྱས་ཏེ་དོ་དམ་སྡེ་ཚན་གྱིས་མེ་ཟོན་བདེ་འཇགས་ཀྱི་བྱེད་པོའི་འགན་འཁྲི་དོན་འཁྱོལ་བྱེད་པ་དང་མང་ཚོགས་ཀྱིས་མེ་སྐྱོན་དོགས་ཟོན་ལ་ཤུགས་སྣོན་བརྒྱབ་ནས་མེ་ཟོན་བདེ་འཇགས་ཀྱི་ཁོར་ཡུག་བཟང་པོ་ཞིག་མཉམ་དུ་གཏོད་དགོས་པའི་འབོད་སྐུལ་བྱས་པ་རེད།

གཅིག་ནས་བཀོད་སྒྲིག་བྱ་ཡུལ་གྱིས་དང་བླངས་ཀྱི་མེ་ཟོན་ཞབས་ཞུའི་རྩ་འཛུགས་བཙུགས་ཏེ་མེ་ཟོན་བདེ་འཇགས་སྐོར་ཞིབ་དང་དྲིལ་བསྒྲགས་སློབ་གསོའི་འགན་ཁུར་ནས་མེ་སྐྱོན་ཐོན་པ་རྟོགས་རྗེས་འཕྲལ་མར་མི་སྣ་ཁ་འགྲེམས་བྱེད་པ་དང་མེ་གསོད་དགོས་པ་དང་།

གཉིས་ནས་བཀོད་སྒྲིག་བྱ་ཡུལ་གྱི་མི་སྣས་མེ་ཟོན་བདེ་འཇགས་ཀྱི་འོས་འགན་ནན་ཏན་ངང་ཁུར་ནས་རང་རྟོགས་ངང་བདེ་འཇགས་དོ་དམ་གྱི་གཏན་འབེབས་ཁག་ལ་བརྩི་སྲུང་ཞུས་ཏེ་སྤྱི་པའི་མེ་ཟོན་བདེ་འཇགས་མཉམ་དུ་སྲུང་སྐྱོང་བྱེད་དགོས།

གསུམ་ནས་བཀོད་སྒྲིག་བྱ་ཡུལ་གྱིས་མེ་གསོད་ཡོ་བྱད་དང་མེ་གསོད་ས་གདན་སོགས་དགོས་ངེས་ཀྱི་མེ་གསོད་སྒྲིག་ཆས་སྒྲིག་སྦྱོར་བྱས་ཁར་དུས་ཐོག་ཏུ་ཞིབ་བཤེར་བདག་སྐྱོང་བྱས་ནས་མེ་གསོད་སྒྲིག་ཆས་སྐྱོན་མེད་ངང་སྤྱོད་ཐུབ་པའི་འགན་ལེན་བྱེད་དགོས།

བཞི་ནས་བཀོད་སྒྲིག་བྱ་ཡུལ་གྱིས་མེ་ཟོན་བདེ་འཇགས་ཀྱི་ཉེན་བརྡའི་མཚོན་རྟགས་སྦྱར་བ་དང་ཅིའུ་ཅིང་དང་རླངས་སྣུམ་སོགས་འབར་གས་སླ་བའི་ཉེན་ཡོད་དངོས་རྫས་སྒྲིག་འགལ་ངང་མཉམ་དུ་འཇོག་མི་ཆོག

ལྔ་ནས་བཀོད་སྒྲིག་བྱ་ཡུལ་གྱིས་གློག་དང་སོལ་རླངས་ཀྱི་སྐུད་ལམ་ལ་དུས་ཐོག་ཏུ་ཞིབ་བཤེར་ཉམས་བཟོ་བྱེད་དགོས་པ་དང་། ཐེག་ཚད་ལས་བརྒལ་ནས་གློག་སྤྱོད་མི་ཆོག་པ། གློག་དང་སོལ་རླངས་ཀྱི་སྐུད་ལམ་ཟད་ནས་གློག་རྒྱུན་ཐད་ཐུག་གི་མེ་སྐྱོན་ཆག་སྒོ་མི་ཐོན་པ་བྱེད་དགོས།

དྲུག་ནས་བཀོད་སྒྲིག་བྱ་ཡུལ་གྱིས་ནུས་ཤུགས་ཆེ་བའི་གློག་ཆས་སྒྲིག་འགལ་ངང་སྤྱོད་མི་ཆོག་ལ་མེ་གང་བྱུང་དུ་བཏང་ནས་ལྟོ་ཆས་ཀྱང་བཟོ་མི་ཆོག གཞན་ཡང་གནས་ཚུལ་དེ་རིགས་དུས་ཐོག་ཏུ་རྟོགས་པ་དང་མེ་སྐྱོན་གྱི་མངོན་མེད་རྐྱེན་ངན་མི་ལུས་པ་བྱེད་དགོས།

བདུན་ནས་བཀོད་སྒྲིག་བྱ་ཡུལ་ནང་སྦྲང་འབུད་བདུག་སྤོས་སྤྱོད་སྐབས་འབར་སླ་བའི་དངོས་རྫས་ཀྱི་འགྲམ་དུ་འཇོག་རྒྱུ་མེད། ཁང་པའི་ནང་མི་སྡོད་མཁན་མེད་དུས་སྦྲང་འབུད་བདུག་སྤོས་ཀྱི་མེ་གསོད་དགོས། སྦྲང་འབུད་བདུག་སྤོས་ལེབ་ཆུང་རིགས་ཡུན་རིང་པོ་བདུག་རྒྱུ་མེད་པར་ཕྱིར་ཐོན་སྐབས་གློག་སྒོ་བཀག་དགོས།

བརྒྱད་ནས་བཀོད་སྒྲིག་བྱ་ཡུལ་དུ་ཁ་འགྲེམས་བགྲོད་ལམ་ཤར་གཏོང་ཡིན་པ་དང་བདེ་འཇགས་ཐོན་སྒོ་ཕྱེ་ཡོད་པའི་འགན་ལེན་བྱེད་དགོས། གཞན་ཡང་བགྲོད་ལམ་ཐོག་གི་ཅ་དངོས་ཙག་ཙིག་གཙང་སེལ་བྱེད་པ་དང་། ཐ་མག་རོ་ཏོ་གང་བྱུང་དུ་དབྱུག་རྒྱུ་མེད་པ། མལ་ལ་ཉལ་དུས་ཐ་མག་འཐེན་རྒྱུ་མེད་པ། བྱིས་པར་མེ་རྩེད་རྩེ་རྒྱུ་མེད་པའི་སློབ་གསོ་གཏོང་བ་བཅས་བྱེད་དགོས།

དགུ་ནས་དབྱར་དུས་སུ་གློག་དམར་མང་པོ་འཁྱུག་པས་བཀོད་སྒྲིག་བྱ་ཡུལ་གྱིས་ངེས་པར་དུ་ཐོག་འགོག་སྒྲིག་བཀོད་སྒྲིག་སྦྱོར་བྱས་ནས་ཐོག་བརྒྱབ་སྟེ་མེ་སྐྱོན་ཐོན་པའི་གནས་ཚུལ་གཏན་འགོག་བྱེད་དགོས།

བཅུ་ནས་མེ་སྐྱོན་ཐོན་སྐབས་མི་སྒེར་གྱིས་རང་སྲུང་ཡག་པོ་བྱས་ཏེ་འཕྲལ་མར་བདེ་འཇགས་ཐོན་སྒོའི་ཕྱོགས་སུ་གོ་རིམ་ལྡན་པའི་ངང་བྲོས་དགོས་པ་ལས་རྒྱུ་ནོར་ལ་ཞེན་ཆགས་བྱེད་རྒྱུ་མེད། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།