ཀྲུང་གོ་བོད་ཀྱི་དྲ་བ།

ཧུའུ་ཁྲུན་ཧྭ་ཡིས་སྤུས་ཚད་མཐོན་པོས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱས་ཏེ་ཕྱི་ཚོང་དང་ཕྱི་དངུལ་བརྟན་བརླིང་ཡོང་བར་བྱེད་དགོས་ཞེས་ནན་གྱིས་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-07-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧུའུ་ཁྲུན་ཧྭ་ཡིས་ཚེས་ཉེར་ལྔ་ཉིན་ཅང་སུའུ་ལེན་ཡུན་ཀང་དུ་ཕྱི་ཚོང་ཕྱི་དངུལ་བརྟན་བརླིང་ཡོང་བར་བྱེད་པའི་བྱ་བར་མཛུབ་སྟོན་གནང་། ཁོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱས་ཏེ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་ལྟར། སྤུས་ཚད་མཐོན་པོས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱེད་པ་དང་། ཆུ་ཚད་སྔར་ལས་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་བྱས་ཏེ། ཕྱི་ཚོང་ཕྱི་དངུལ་བརྟན་བརླིང་ཡོང་བར་བྱེད་དགོས་ཞེས་ནན་གྱིས་བསྟན།

ཧུའུ་ཁྲུན་ཧྭ་སྔ་གཞུག་ཏུ་ཅང་སུའུ་རང་དབང་ཉོ་ཚོང་ཚོད་ལྟ་ཁུལ་ལེན་ཡུན་ཀང་ལེབ་ཁུལ་དང་། ལེན་ཡུན་ཀང་ཕྱོགས་བསྡུས་ཁྲལ་སྲུང་ཁུལ་དང་རྒྱལ་ཁབ་རིམ་པའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་བཅས་སུ་སོང་སྟེ། ཡུལ་དངོས་ནས་གྲུ་ཁའི་དངོས་ཟོག་སྐྱེལ་འདྲེན་བྱེད་ཡུལ་དང་། ཨེ་ཤ་ཡ་དང་ཡོ་རོབ་གླིང་གི་སྐམ་ས་ཆེན་མོའི་ཟམ་པ་གསར་བའི་ཤར་སྣེ། ཀྲུང་གོ་དང་ཧ་སག་སི་ཐན་གྱི་དངོས་སྐྱེལ་མཉམ་ལས་རྟེན་གཞི་བཅས་སུ་རྟོག་ཞིབ་བྱས་པར་མ་ཟད། དངོས་སྐྱེལ་དང་སྨན་རྫས། རླངས་འཁོར་གློག་རྡུལ་སོགས་ལས་རིགས་ཀྱི་ཕྱི་ནང་ཁེ་ལས་ཀྱི་འགན་ཁུ་བར་བརྗེ་རེས་ཟབ་མོ་བྱས་ཏེ། ཐོན་སྐྱེད་དང་ཚོང་གཉེར་གྱི་གནས་ཚུལ་ལ་རྒྱས་ལོན་ཟབ་མོ་བྱས་པ་དང་། བསམ་འཆར་དང་གྲོས་གཞི་ལ་ནན་གྱིས་ཉན།

ཧུའུ་ཁྲུན་ཧྭ་ཡིས་ནན་གྱིས་བསྟན་དོན། དཔལ་འབྱོར་ཉོ་ཚོང་མཉམ་ལས་ནི་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་གྱི་ནང་དོན་གལ་ཆེན་ཡིན། དེང་སྐབས་རྒྱལ་སྤྱིའི་དཔལ་འབྱོར་གནས་བབ་རྙོག་འཛིང་ཆེ་བའི་གནས་ཚུལ་འོག་ཏུ། རྒྱུད་གཅིག་ལམ་གཅིག་འགྲམ་རྒྱུད་ཀྱི་རྒྱལ་ཁབ་བར་གྱི་དངོས་གཉེར་མཉམ་ལས་ལ་ཤུགས་བསྣན་ནས། ཕན་ཚུན་གྱི་ཉོ་ཚོང་དང་དངུལ་གཏོང་ལ་ཡར་སྐུལ་བྱེད་པ་དེ་རྒྱལ་ཁབ་སོ་སོའི་དཔལ་འབྱོར་གཏན་འཇགས་ངང་གོང་དུ་སྤེལ་བ་དང་། ཕྱི་ཚོང་ཕྱི་དངུལ་བརྟན་བརླིང་ཡོང་བར་བྱེད་པར་དོན་སྙིང་གལ་ཆེན་ལྡན་པས། རྒྱུད་གཅིག་ལམ་གཅིག་འགྲམ་རྒྱུད་ཀྱི་རྒྱལ་ཁབ་བར་གྱི་ཐོན་ལས་མུ་འབྲེལ་དང་འདོན་སྤྲོད་མུ་འབྲེལ་གྱི་མཉམ་ལས་ལ་ཤུགས་སྣོན་པ་དང་། སྐུད་ཐོག་དང་སྐུད་འོག་སོགས་རྣམ་པ་སྣ་ཚོགས་ལེགས་པར་སྤྱད་དེ། མཁོ་འདོན་དང་དགོས་མཁོའི་ཆ་འཕྲིན་བརྗེ་རེས་ལ་ཤུགས་བསྣན་ནས། ཚོང་ལས་ཀྱི་གོ་སྐབས་མཉམ་དུ་འཚོལ་དགོས། ཀྲུང་གོ་དང་ཡོ་རོབ་གླིང་བར་དུ་རླངས་འཁོར་དང་མེ་འཁོར་གཏོང་བའི་བྱ་བ་གོང་འཕེལ་དུ་གཏོང་བ་དང་། སྐམ་མཚོ་མཉམ་འདྲུད་ཀྱི་ཁྱད་སྟོབས་བཏོན་ནས། རྒྱལ་སྤྱིའི་དངོས་སྐྱེལ་བགྲོད་ལམ་གེགས་མེད་ཡོང་བར་བྱེད་དགོས། བཅོས་སྒྱུར་ཟབ་མོ་བྱེད་རྒྱུ་དང་སྒོ་འབྱེད་རྒྱ་བསྐྱེད་རྒྱུ་རྒྱུན་འཁྱོངས་ཀྱིས་ཕྱི་ཚོང་དངུལ་གཏོང་བཅའ་ཁྲིམས་དང་དེའི་ཆ་སྡེབས་སྲོལ་ཡིག་ལག་བསྟར་བཟང་བོ་བྱས་ཏེ། ཚོང་གཉེར་གྱི་ཁོར་ཡུག་བཟང་བོ་བསྐྲུན་དགོས། ཕྱི་ཚོང་ཕྱི་དངུལ་ཁེ་ལས་ཀྱི་ཞབས་ཞུ་ལ་ཕྱོགས་ཡོངས་ནས་ཤུགས་བསྣན་ཏེ། གློད་གྲོལ་བྱེད་ཐབས་སྣ་ཚོགས་ཐད་ཀར་དུ་ཁེ་ལས་སུ་ལག་བསྟར་བྱེད་པར་ཁག་ཐེག་བྱས་ནས། ལས་རྣམ་གསར་བ་དང་རྣམ་པ་གསར་བ་མྱུར་དུ་འཕེལ་རྒྱས་འབྱུང་བར་རྒྱབ་སྐྱོར་བྱེད་དགོས་ཟེར།

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།