ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཅི་ལིན་ཞིང་ཆེན་དུ་རྟོག་ཞིབ་མཛད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-07-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉེ་སྔོན་ཅི་ལིན་ཞིང་ཆེན་དུ་རྟོག་ཞིབ་མཛད་སྐབས་ནན་གྱིས་བསྟན་དོན། ཟོལ་མེད་ཀྱིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དངོས་འབེབ་བྱེད་པ་དང་། གཏན་འཇགས་ཁྲོད་ནས་ཡར་ཐོན་བརྩོན་པའི་བྱ་བའི་སྤྱིའི་རྨང་གཞི་རྒྱུན་འཁྱོངས་དང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་རྒྱུན་འཁྱོངས། མཁྲེགས་གཏོར་ཆེན་མོ་གསུམ་གྱི་རྒྱལ་ཁ་བརྩོན་ལེན་བྱེད་པ། གཏན་འཇགས་དྲུག་གི་བྱ་བ་བཟང་བོར་བསྒྲུབ་པ། ཕྱོགས་ཡོངས་ནས་འགན་སྲུང་དྲུག་གི་ལས་འགན་དངོས་འབེབ་བྱེད་པ། བྱང་ཤར་དར་རྒྱས་སུ་གཏོང་བའི་འཐབ་ཇུས་ལག་ལེན་བྱེད་པ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པར་རྒྱལ་ཁ་ལེན་པ་དང་དབུལ་ཐར་མཁྲེགས་གཏོར་གྱི་རྒྱལ་ཁ་བླངས་ཏེ། ཏང་དང་རྒྱལ་ཁབ་ལ་ཞབས་འདེགས་ཞུ་བའི་ཆེ་ཕྱོགས་ཁྲོད་ཁག་ཁུར་ཡོད་པར་བྱེད་པ་དང་། སྤུས་ཚད་སྔར་ལས་མཐོ་ཞིང་ཕན་འབྲས་སྔར་ལས་མཐོ་བ། གྲུབ་ཚུལ་སྔར་ལས་བཟང་བ། ཁྱད་སྟོབས་འདོན་སྤེལ་གང་ལེགས་ཐུབ་པའི་འཕེལ་རྒྱས་ཀྱི་ལམ་བུ་གསར་བ་ཞིག་བཏོད་དེ་གྲུབ་འབྲས་གསར་བ་ཐོབ་པ་མངོན་འགྱུར་བྱེད་དགོས་ལ། དུས་རབས་གསར་བའི་ཅི་ལིན་གྱི་ཕྱོགས་ཡོངས་དར་རྒྱས་དང་ཕྱོགས་སོ་སོའི་དར་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་ནས་བྱེད་ཐབས་གསར་བ་སྤྱོད་དགོས་ཞེས་བསྟན། 

ཟླ་བདུན་པའི་ཚེས་ཉེར་གཉིས་ཉིན་ནས་ཚེས་ཉེར་བཞིའི་ཉིན་བར། ཞི་ཅིན་ཕིང་གིས་ཅི་ལིན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་པཱ་ཡུན་ཁྲའོ་ལུའུ་དང་ཧྲིན་ཀྲང་ཅིན་ཅོན་ཧེ་གཉིས་ཀྱི་འགྲོ་རོགས་འོག སྔ་གཞུག་ཏུ་སི་ཕེན་དང་ཁྲང་ཁྲོན་སོགས་ས་ཁུལ་གྱི་ཞིང་སྡེ་དང་སྡོད་ཁུལ། ཚན་རྩལ་ར་བ། ཁེ་ལས་བཅས་སུ་ཕེབས་ཏེ། རྒྱུན་རྣམ་ཅན་གྱི་རིམས་ནད་འགོག་སྲུང་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་བྱ་བར་གཅིག་གྱུར་བཀོད་འདོམ་བྱས་ནས་སྐུལ་འདེད་གཏོང་བ་དང་། བྱང་ཤར་གྱི་དར་རྒྱས་ལ་སྐུལ་འདེད་གཏོང་བ། ལོ་ལྔའི་འཆར་འགོད་བཅུ་བཞི་བའི་སྐབས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་འཕེལ་རྒྱས་གནས་ཚུལ་བཅས་ལ་རྟོག་ཞིབ་མཛད། 

ཚེས་ཉེར་གཉིས་ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་ཐོག་མར་སུང་ལེའོ་གཞོང་སའི་ལྟེ་བར་ཡོད་པའི་ལེ་ཧྲུའུ་རྫོང་དུ་ཕེབས། རྒྱལ་ཁབ་ཀྱི་ལྷད་མེད་ཟས་རིགས་ཀྱི་མ་བཅོས་རྒྱུ་ཆ་མ་རྨོས་ལོ་ཏོག་གི་ཚད་ལྡན་ཅན་གྱི་ཐོན་སྐྱེད་རྟེན་གཞིའི་དཔེ་སྟོན་ས་ཁུལ་གཙོ་བོ་ནས། ཅི་ལིན་ཞིང་ཆེན་ལེ་ཧྲུའུ་རྫོང་གི་ཞིང་ལས་འཕེལ་རྒྱས་དང་འཕྲུལ་ཆས་ཅན། གཞི་རྒྱ་ཅན་གྱི་འདེབས་འཛུགས་གནས་ཚུལ་སྙན་ཞུ་བྱས་པར་གསན། ཞི་ཅིན་ཕིང་གིས་བསྟན་དོན། བདག་གིས་འབྲུ་རིགས་ཀྱི་ཐོན་སྐྱེད་དང་བདེ་འཇགས་ལ་སེམས་ཁུར་ཆེན་པོ་བྱེད་བཞིན་ཡོད། ད་ལོ་དབྱར་ཁའི་ལོ་ཏོག་ལ་ལོ་ལེགས་འབྱུང་བའི་ཆེ་ཕྱོགས་གནས་བབ་གཏན་ཆགས་སུ་སོང་ཡོད་ལ། སྟོན་ཁའི་འབྲུ་རིགས་ཀྱི་ཐོན་ཚད་བཟང་བོ་བརྩོན་ལེན་བྱེད་དགོས། ཅི་ལིན་གྱིས་འབྲུ་རིགས་བདེ་འཇགས་ལ་འགན་སྲུང་བྱེད་པ་དེ་འབུར་ཐོན་གོ་གནས་སུ་འཇོག་པ་དང་། ལྷོད་ཡངས་ཅི་ཡང་མེད་པར་འབྲུ་རིགས་ཐོན་སྐྱེད་དམ་འཛིན་བྱེད་པ། ཞིང་ལས་འཕེལ་རྒྱས་ཀྱི་རྣམ་པ་བསྒྱུར་ཏེ། དེང་རབས་ཞིང་ལས་འཕེལ་རྒྱས་ཀྱི་བགྲོད་ལམ་འཚོལ་ཞིབ་བྱེད་པའི་ཐད་ནས་ཉམས་མྱོང་སྔར་ལས་མང་བོ་གསར་གཏོད་བྱེད་དགོས་པར་བསྟན། 

ཞི་ཅིན་ཕིང་མ་རྨོས་ལོ་ཏོག་གི་ཞིང་སའི་ནང་ཕེབས་ཏེ་ས་ནག་ཞིང་སའི་ཚོད་ལྟའི་མ་དཔེ་དང་མ་རྨོས་ལོ་ཏོག་གི་སྤུས་ལེགས་སོན་བཟང་འགྲེམ་སྟོན་བྱས་པར་གཟིགས་ཞིབ་བྱས་པ་དང་། ཞིང་ལས་ཚན་རྩལ་གྱི་གསར་སྤེལ་བེད་སྤྱོད་དང་ས་ནག་ཞིང་སའི་སྲུང་སྐྱོབ་གནས་ཚུལ་ལ་རྒྱུས་ལོན་མཛད། ཞི་ཅིན་ཕིང་གིས་ཞིང་ལས་དེང་རབས་ཅན་གྱི་གནད་འགག་ནི་ཞིང་ལས་ཚན་རྩལ་གྱི་དེང་རབས་ཅན་ཡིན་པ་ནན་གྱིས་བསྟན། 

དེའི་རྗེས་སུ་ཞི་ཅིན་ཕིང་ལུའུ་ཝེ་ཞིང་ལས་འཕྲུལ་ཆས་ཞིང་བའི་ཆེད་ལས་མཉམ་ལས་ཁང་དུ་ཕེབས་ནས། མཉམ་ལས་ཁང་གི་ཐོན་སྐྱེད་ཚོང་གཉེར་གནས་ཚུལ་མཚམས་སྦྱོར་བྱས་པར་གསན། མཉམ་ལས་ཁང་དུ་ཞུགས་པའི་ཞིང་བའི་ཁྱིམ་ཚང་གི་ལོ་རེའི་ཡོང་འབབ་རྐྱང་རྐྱང་སྒོར་ཁྲིའི་ཡན་དུ་བསླེབ་པ་ཡོད་པ་ཐོས་རྗེས་ཞི་ཅིན་ཕིང་དགའ་སྤྲོ་ཆེན་པོ་སྐྱེས། ཁོང་གིས་ནན་གྱིས་བསྟན་དོན། ཞིང་ལས་ཆེད་ལས་མཉམ་ལས་ཁང་ནི་ཚོང་རའི་དཔལ་འབྱོར་ཆ་རྐྱེན་འོག་གཞི་རྒྱ་ངེས་ཅན་ལྡན་པའི་ཚོང་ལས་འཕེལ་རྒྱས་སུ་གཏོང་བ་དང་། དེང་རབས་ཞིང་ལས་འཕེལ་རྒྱས་སུ་གཏོང་བའི་ནུས་ལྡན་གྱི་རྩ་འཛུགས་རྣམ་པ་ཞིག་ཡིན་ལ། ཞིང་ལས་ཚན་རྩལ་ཆུ་ཚད་ཇེ་མཐོར་གཏོང་བ་དང་ཞིང་བའི་ཚན་རྩལ་རིག་གནས་ཀྱི་བྱང་ཚད་ཇེ་མཐོར་གཏོང་བ། ཞིང་ལས་ཀྱི་ཕྱོགས་བསྡུས་ཚོང་གཉེར་ཕན་འབྲས་ཇེ་མཐོར་གཏོང་བ་བཅས་ལ་ཕན་ཐོགས་ཡོད་པས། ས་ཁུལ་སོ་སོས་ཡུལ་བབ་དང་བསྟུན་ནས་ཆེད་ལས་མཉམ་ལས་ཁང་གི་རྣམ་པ་མི་འདྲ་བ་འཚོལ་ཞིབ་བྱེད་དགོས་པར་བསྟན། 

ཞི་ཅིན་ཕིང་གིས་སི་ཕེན་འཐབ་འཁྲུག་གི་རྗེས་དྲན་ཁང་ལ་གཟིགས་ཞིབ་མཛད། ཁོང་གིས་གཟིགས་ཞིབ་བྱེད་ཞོར་དུ་བློ་སྤོབས་ཀྱིས་ཀུན་ནས་ཕྱུག་པའི་འཐབ་འཛིང་གི་བརྒྱུད་རིམ་དེར་རྒྱུས་ལོན་མཛད། ཁོང་གིས་ནན་གྱིས་བསྟན་དོན། ང་ཚོས་ངེས་པར་དུ་གསར་བརྗེ་སྔོན་གཤེགས་དཔའ་བོས་ཀྲུང་གོའི་གསར་བརྗེའི་ལས་དོན་ཆེད་དུ་ཚེ་སྲོག་ཕུལ་བའི་སྙིང་སྟོབས་ཡིད་ལ་དམ་པོར་བཅངས་དགོས་པ་དང་། ཀྲུང་གོ་གསར་བ་དབུ་བརྙེས་པ་དེ་ལས་སླ་མོ་ཞིག་མིན་པ་ཡིད་ལ་དམ་པོར་འཛིན་དགོས། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ། མི་དམངས་མང་ཚོགས་བཅས་ཀྱིས་ཏང་གི་ལོ་རྒྱུས་དང་ཀྲུང་གོ་གསར་བའི་ལོ་རྒྱུས་ལ་སློབ་སྦྱོང་བྱས་ཏེ། ཏང་གིས་མི་དམངས་ལ་མགོ་ཁྲིད་བྱས་ཏེ་བསྐྲུན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་ལས་དོན་སྲུང་འཛིན་དང་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད་དགོས་པར་བསྟན། 

ཚེས་ཉེར་གསུམ་ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་སྡོད་ཁུལ་དུ་ཕེབས་ཏེ་སྡོད་ཁུལ་གྱི་ཏང་འཛུགས་དང་གཞི་རིམ་བཅོས་སྐྱོང་། མི་དམངས་ལ་ཞབས་འདེགས་ཞུས་པའི་གནས་ཚུལ་བཅས་ལ་རྒྱུས་ལོན་མཛད་པར་མ་ཟད། ཁོ་ཚོས་གསར་བསྐྲུན་བྱས་པའི་རིམ་བཞིའི་སྡོད་ཁུལ་ཏང་འཛུགས་དྲ་འབྲེལ་བྱ་བའི་མ་ལག་དང་འགོ་བ་གསུམ་གྱི་སྡོད་ཁུལ་དོ་དམ་མ་ལག་ལ་ཁས་ལེན་གང་ལེགས་མཛད། 

དེའི་རྗེས་སུ་ཞི་ཅིན་ཕིང་གིས་ཁྲང་ཧྲན་ལྡུམ་རའི་སྡོད་ཁུལ་གྱི་ཁོར་ཡུག་ལ་གཟིགས་ཞིབ་མཛད་པར་མ་ཟད་སྡོད་དམངས་ཀྲའོ་ཞིན་ཧྥུའུ་ཡི་ཁྱིམ་དུ་ཕེབས་ནས་གླེང་མོལ་མཛད། ཀྲའོ་ཞན་ཧྥུའུ་ཡིས་ལོ་འདི་འགའི་རིང་ལ་སྡོད་ཁུལ་གྱི་ཁོར་ཡུག་ལ་འགྱུར་ལྡོག་ཆེན་པོ་བྱུང་བ་དང་། མི་ཚང་མའི་འཚོ་བ་སྔར་ལས་སྟབས་བདེ་རུ་གྱུར་བའི་ཞོར་དུ་ཁྱིམ་མཚེས་བར་གྱི་འབྲེལ་བའང་མཐུན་པོ་བྱུང་ཡོད་པའི་གནས་ཚུལ་བརྗོད། ཞི་ཅིན་ཕིང་གིས་དེ་ཐོས་འཕྲལ་དགའ་ཚོར་ཆེན་པོ་བྱུང་། 

ཀྲུང་གོའི་རླངས་འཁོར་བཟོ་གྲྭ་དང་པོའི་སྡེ་ཚོགས་ཀྱི་གསར་སྤེལ་སྤྱི་ཁྱབ་ར་བའི་ཚོམས་ཆེན་ནས། སྤྱི་ཁྱབ་ཧྲུའུ་ཅི་ཡིས་སྤྱིའི་གནས་ཚུལ་མཚམས་སྦྱོར་བྱས་པར་གསན། ཞི་ཅིན་ཕིང་རླངས་འཁོར་གྱི་སྲ་ཆས་ཚོད་ལྟའི་ཁང་དུ་ཕེབས་ནས་ལག་རྩལ་གསར་བའི་གསར་སྤེལ་གནས་ཚུལ་ལ་རྒྱུས་ལོན་མཛད་པ་དང་། ཁེ་ལས་ཀྱི་འགྲེམ་སྟོན་ཚོམས་ཁང་ནས། ཞི་ཅིན་ཕིང་གིས་རྣམ་པ་གསར་བའི་རླངས་འཁོར་ཐོན་རྫས་ལ་གཟིགས་ཞིབ་མཛད་དེ། སྡེ་ཚོགས་ཀྱི་གསར་གཏོད་སྒུལ་ཤུགས་དང་སྒྲིག་ལུགས་རྐྱེན་སྲོལ་གྱི་གསར་གཏོད། ཐོན་ལས་གྲུབ་ཚུལ་ལེགས་བསྒྱུར་རིམ་འཕར་བཅས་ཀྱི་གནས་ཚུལ་ལ་རྒྱུས་ལོན་མཛད། 

ཚེས་ཉེར་བཞི་ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་གིས་ཅི་ལིན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་སྙན་ཞུར་གསན་པ་དང་། ཅི་ལིན་གྱི་ཕྱོགས་སོ་སོའི་བྱ་བའི་ཐད་ནས་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་མཛད་པར་མ་ཟད། ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཅི་ལིན་གྱི་བྱ་གཞག་སོ་སོའི་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་གསར་གཏོད་བྱས་ཏེ། དུས་རབས་གསར་བའི་ཅི་ལིན་དར་རྒྱས་སུ་གཏོང་བའི་ཁྲོད་ནས་གྲུབ་འབྲས་གསར་བ་མངོན་འགྱུར་བྱེད་དགོས་པའི་ཐུགས་རེ་བཏོན། 

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་བདེ་སྡོད་ལས་བརྩོན་དང་བདེ་སྡུག་གི་གནས་ཚུལ་སེམས་སུ་འཛིན་པ་དང་། ཐབས་བརྒྱ་ཇུས་སྟོང་གིས་ད་ཡོད་ཀྱི་ལས་ཞུགས་གཏན་འཇགས་ཡོང་བར་བྱས་ཏེ་ལས་ཞུགས་གསར་བ་ཁ་སྣོན་བྱེད་པ་དང་། ལས་ཤོར་མི་སྣའི་ཡང་བསྐྱར་ལས་ཞུགས་ལ་སྐུལ་འདེད་གཏོང་དགོས། མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་དང་དམག་དཔུང་ལས་ཕྱིར་བུད་པའི་དམག་མི། ཞིང་བའི་ལས་བཟོ་བ། མཁར་གྲོང་གྱི་དཀའ་ཁག་ཆེ་བའི་མི་སྣ་སོགས་ལས་ཞུགས་བྱ་བ་དམིགས་སུ་བཟུང་ནས་བཟང་བོར་བསྒྲུབ་དགོས། ཏང་གི་སློབ་གསོའི་བྱེད་ཕྱོགས་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཀུན་སྤྱོད་མི་གཞི་བཟང་བོ་འཛུགས་པའི་གཞི་རྩའི་ལས་འགན་དངོས་འབེབ་བྱེད་པ། སློབ་གསོའི་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བ། མཁར་གྲོང་གི་འོས་འགན་སློབ་གསོའི་གཞི་གཅིག་ཅན་གྱི་དོ་མཉམ་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། སློབ་གསོའི་འདྲ་མཉམ་ལ་སྲུང་སྐྱོབ་བྱེད་དགོས་དགོས་པར་བསྟན། 

ཞི་ཅིན་ཕིང་གིས་བསྟན་དོན། དུས་རབས་གསར་བའི་ཏང་གི་རྩ་འཛུགས་ལམ་ཕྱོགས་ལག་ལེན་དངོས་འབེབ་བྱེད་པ་དང་། རྩ་འཛུགས་ཀྱི་ཏང་འཛུགས་དང་བསམ་བློའི་ཏང་འཛུགས་ཟུང་འབྲེལ་བྱེད་པ་རྒྱུན་འཁྱོངས་བྱས་ཤིང་། ཏང་གི་རྩ་འཛུགས་ཁྱད་སྟོབས་འདོན་སྤེལ་བྱེད་པ་དང་སྲ་བརྟན་དང་འཕེལ་རྒྱས་སུ་གཏོང་དགོས། དམར་དམག་གི་ཐོན་ཁུངས་དེ་ཕུགས་འདུན་འདུ་ཤེས་ཇེ་བརྟན་དུ་གཏོང་བ་དང་ཏང་གཤིས་གསོ་སྦྱོང་ལ་ཤུགས་སྣོན་པའི་བསླབ་གཞིར་བྱས་ཏེ། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་ཐོག་མའི་སེམས་འདུན་མི་བརྗེད་པ་དང་ལས་འགན་ནམ་ཡང་ཁུར་དུ་ལེན་པར་སློབ་གསོ་བཏང་ནས་སྣེ་ཁྲིད་བྱེད་དགོས། མི་སྣ་འདེམ་བསྐོ་བྱེད་སྐབས་ཆབ་སྲིད་དང་སྤྱོད་གཙང་། ནུས་པ་བཅས་ཀྱི་དཔྱད་ཞིབ་ལ་རེ་བ་ནན་མོ་བཏོན་ཏེ། ཁག་ཁུར་ཕོད་པ་དང་ཐབས་ལ་མཁས་པའི་ལས་བྱེད་པར་སྲུང་སྐྱོབ་བྱེད་པ་དང་། རིམ་པ་སོ་སོའི་མགོ་ཁྲིད་ལས་བྱེད་པར་ཡང་དག་པའི་དབང་ཆའི་ལྟ་བ་དང་ཆབ་སྲིད་གྲུབ་འབྲས་ལྟ་བ། བྱ་གཞག་ལྟ་བ་བཅས་ཆགས་པར་སྣེ་ཁྲིད་བྱས་ནས་གང་ནུས་ཀྱིས་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་གཏན་འགོག་བྱེད་དགོས། ཏང་གི་གཞི་རིམ་རྩ་འཛུགས་ཀྱི་འཛུགས་སྐྲུན་ལ་ཤུགས་སྣོན་བྱས་ནས་གཞི་རིམ་ཁུར་བོ་ཇེ་ཡང་དུ་གཏོང་བའི་རྒྱུན་རྣམ་ཅན་གྱི་རྐྱེན་སྲོལ་འཐུས་ཚང་དུ་འཛུགས་དགོས། འཇོན་མིའི་བྱ་བའི་སྲིད་ཇུས་དང་སྒྲིག་ལུགས་རྐྱེན་སྲོལ། བྱེད་ཐབས་བཅས་གསར་གཏོད་བྱས་ཏེ་འཇོན་མི་འགུག་ཐུབ་པའི་ཁོར་ཡུག་བཟང་བོ་ཞིག་བསྐྲུན་དགོས། ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་ཏུ་སྤེལ་བ་དང་། ཕྱོགས་ཡོངས་ནས་ཏང་སྐྱོང་ནན་མོ་བྱེད་པའི་འགན་འཁྲི་གཙོ་བོ་དངོས་འབེབ་བྱས་ཏེ། ཆབ་སྲིད་སྐྱེ་ཁམས་འཛུགས་སྐྲུན་དེ་རྨང་གཞིའི་རང་བཞིན་དང་དུས་རྒྱུན་རང་བཞིན་གྱི་བྱ་བར་བརྩིས་ནས། དྲང་ཕྱོགས་བདེན་ལུགས་དར་བ་དང་ཆབ་སྲིད་གཙང་གསལ་ཡོང་བ་མངོན་འགྱུར་བྱེད་དགོས་པར་བསྟན། 

ཏེན་ཞོས་ཞང་དང་ལིག་ཧི། ཁྲིན་ཞི། ཧི་ལི་ཧྥུན། དེ་མིན་ཀྲུང་དབྱང་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་བཅས་ཀྱིས་མཉམ་དུ་རྟོག་ཞིབ་བྱས། 

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།