ཀྲུང་གོ་བོད་ཀྱི་དྲ་བ།

ལོ་མཇུག་གོང་དུ་ཁེ་ལས་འཛུགས་གཉེར་གྱི་འགྲོ་ལུགས་ཚང་མ་དྲ་ཐོག་ནས་སྒྲུབ་ཐུབ་པ།

ཡོང་ཁུངས། : མི་དམངས་དྲ་བ།     སྤེལ་དུས། : 2020-07-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས22ཉིན། རྒྱལ་ཁབ་གསར་འགྱུར་གཞུང་ལས་ཁང་གིས་འཚོགས་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་སྲིད་ཇུས་འཆར་ཅན་བརྡ་གཏོང་ཚོགས་འདུའི་ཐོག རྒྱལ་ཁབ་ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་ཐོ་འགོད་ཅུས་ཀྱི་ཅུས་ཀྲང་དབྱང་ཧུང་ཚན་གྱིས། འདི་ལོའི་ལོ་མཇུག་གོང་ཞིང་ཆེན་ཁག་ཚང་མས་ཁེ་ལས་འཛུགས་གཉེར་གྱི“དྲ་ཐོག་ཀུན་སྒྲུབ”ལས་སྟེགས་བཙུགས་ནས་ཁེ་ལས་འཛུགས་གཉེར་གྱི་འགྲོ་ལུགས་ཚང་མ་དྲ་ཐོག་ནས་སྒྲུབ་ཐུབ་པ་དང་ཁེ་ལས་འཛུགས་གཉེར་གྱི་དུས་ཚོད་ཉིན་བཞི་བར་ཐུང་དུ་གཏོང་རྒྱུ་རེད་ཅེས་ངོ་སྤྲོད་བྱས།

ཉེ་ཆར། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《ཚོང་གཉེར་ཁོར་ཡུག་སྔར་བས་ལེགས་སུ་བཏང་ནས་ཁྲོམ་རའི་བྱེད་པོར་དེ་བས་ལེགས་པའི་སྒོ་ནས་ཞབས་འདེགས་ཞུ་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》(གཤམ་དུ《བསམ་འཆར》ཞེས་བསྡུ་རྒྱུ)བཀྲམ་ནས་ཞིབ་ཕྲའི་སྒྱུར་བཅོས་དོན་ཚན་ཁག66བཏོན་པར་ཁེ་ལས་ཀྱི་ཐོན་སྐྱེད་གཉེར་སྐྱོང་གི་ཞིབ་བཤེར་མཆན་འགོད་འགྲོ་ལུགས་དང་ཆ་རྐྱེན་སྟབས་བདེ་རུ་གཏོང་རྒྱུ་དང་ལས་ཞུགས་ལས་གཏོད་ཀྱི་ཚད་གཞི་དམའ་རུ་གཏོང་རྒྱུ་སོགས་ཚུད་ཡོད།

གྲངས་གཞི་ལས་མངོན་པར། འདི་ལོའི་ལོ་སྟོད་དུ་རང་རྒྱལ་གྱི་ཉིན་རེའི་ཆ་སྙོམས་གསར་འཕར་ཁེ་ལས་ཀྱི་གྲངས་ཚད་ཁྲི་2ཡས་མས་རྒྱུན་འཁྱོངས་ཐུབ་ཡོད། 《བསམ་འཆར》བཏོན་པ་དེས། ཚོང་གཉེར་ཁོར་ཡུག་མུ་མཐུད་ལེགས་སུ་གཏོང་རྒྱུར་སྲིད་ཇུས་ཀྱི་འགན་ལེན་དེ་བས་མང་བ་མཁོ་འདོན་ཐུབ་པ་དང་ཁྲོམ་རའི་གསོན་ཤུགས་འཕེལ་བར་བྱེད་པའི་ངོས་ནས་བརྗོད་ན་ཕན་ཐོགས་ཆེན་པོ་ཡོད་པ་རེད།

ཁེ་ལས་འཛུགས་གཉེར་བྱེད་རིང་ཁེ་ལས་འཛུགས་གཉེར་གྱི་འགྲོ་ལུགས་དྲ་ཐོག་ནས་བསྒྲུབ་པར་སྐུལ་འདེད་གཏོང་རྒྱུ་ཕུད། ཕྲན་ཚེགས་ཁེ་ལས་དང་ཁེར་རྐྱང་བཟོ་ཚོང་དུད་ཚང་ཐོ་འགོད་ཀྱི་ཚོང་གཉེར་བྱ་ཡུལ་ཚོད་འཛིན་བྱེད་ཚད་ཀྱང་ཆུང་དུ་གཏོང་རྒྱུ་རེད། དབྱང་ཧུང་ཚན་གྱིས། ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་ཀྱིས་ས་གནས་ཁག་ལ་ཁེར་རྐྱང་བཟོ་ཚོང་དུད་ཚང་གི་གཉེར་སྐྱོང་བྱ་ཡུལ་གྱི་བཀག་རྒྱ་གསལ་ཐོའི་དོ་དམ་ལམ་ལུགས་གང་མགྱོགས་བཟོ་བ་དང་འཐུས་ཚང་དུ་གཏོང་རྒྱུའི་མཛུབ་ཁྲིད་བྱ་རྒྱུ་རེད། རིམས་ནད་ཐོན་རིང་། མང་ཚོགས་ཀྱི་གཞི་རྩའི་འཚོ་བ་འགན་ལེན་བྱས་པའི་སིལ་ཚོང་ལས་རིགས་ཀྱི་ཁེར་རྐྱང་གཉེར་སྐྱོང་པར་བྱེད་སྒོ་སྤེལ་ཡུལ་ཡངས་སུ་དང་བྱེད་སྒོ་སྤེལ་བའི་དུས་ཚོད་རིང་དུ་བཏང་ནས་ཆག་ཡང་ཐོ་འགོད་བྱེད་རྒྱུ་རེད་ཅེས་ངོ་སྤྲོད་བྱས།

ས་ཁུལ་རིམ་ངོས་ལ་དམིགས་ནས་བཟོས་པའི་ཁེ་ལས་དང་འབྲེལ་བའི་ཚོང་གཉེར་ཆོག་འཐུས་དོན་ཚན་ཐད་ས་ཁུལ་རིམ་ངོས་ཀྱི་གསལ་ཐོ་བཟོས་མེད་པའི་ཞིང་ཆེན་13སྒྲིག་འཛུགས་བྱས་ཏེ། ས་གནས་དེས་གཏན་འཁེལ་བྱས་པའི་དོན་ཚན་ཕྱོགས་ཡོངས་ནས་གསེད་དཀྲོལ་གྱིས་གསལ་ཐོ་བཟོས་ནས་སྒྱུར་བཅོས་དོན་ཚན་ཁྱོན་ཡོངས་ལ་ཁྱབ་པར་བྱ་རྒྱུ་རེད།

ལས་མི་སྤྱོད་པའི་ཁྱབ་ཁོངས་ཐད། 《བསམ་འཆར》ནང་བབ་བསྟུན་ལས་ཞུགས་བྱ་རྒྱུར་སྔར་བས་སྐུལ་འདེད་གཏོང་དགོས་ཞེས་ཁ་གསལ་བཏོན་ཡོད། མི་སྤྱི་པུའི་ལས་རིགས་སྤྱོད་ཚུལ་གཞུང་དོན་ཁང་གི་འགན་འཁུར་བ་ཝུའུ་ལི་ཏུའོ་ཡིས“ལས་མི་མཉམ་སྤྱོད”བྱ་ཚུལ་གོ་རིམ་ལྡན་པ་དང་ཚད་ལྡན་ཡོང་བ་བྱ་ཆེད། མི་སྤྱི་སྡེ་ཚན་གྱིས“ལས་མི་མཉམ་སྤྱོད”ཐད་དེ་སྔའི་མི་སྤྱོད་ཚན་པ་དང་ངལ་རྩོལ་པའི་དབར་གྱི་ངལ་རྩོལ་འབྲེལ་བར་འགྱུར་ལྡོག་གཏོང་གི་མིན་ཞེས་གསལ་པོ་བཏོན་ཡོད་ཅེས་ངོ་སྤྲོད་བྱས།

ཕྱིར་གཏོང་ནང་འདྲེན་ཐད། འགག་སྒོ་སྤྱི་ཁྱབ་ཧྲུའུ་རྒྱལ་ཁབ་འགག་སྒོ་དོ་དམ་གཞུང་དོན་ཁང་གི་འགན་འཁུར་བ་ཏང་དབྱིང་ཅེས། ལོ་སྟོད་དུ་རང་རྒྱལ་ལ་ཕྱིར་གཏོང་ནང་འདྲེན་གྱི་ཕན་འབྲས་དངོས་ཐོབ་པའི་ཁེ་ལས་ཁྲི44.3ཡོད་པ་དེ་ན་ནིང་གི་དུས་མཚུངས་དང་བསྡུར་ན་ཁྲི2.2འཕར་ཡོད་པ་དང་ཕྱི་རྒྱལ་གྱི་མ་འཇོག་ཁེ་ལས་ཁྲི42ཡོད། ཕྱི་ཕྱོགས་ཚོང་དོན་དང་ཕྱི་རྒྱལ་གྱི་མ་འཇོག་ཁེ་ལས་ཀྱི་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་རྒྱུ་ནི《བསམ་འཆར》གི་ནང་དོན་གལ་ཆེན་ཞིག་རེད། འགག་སྒོ་ལས་ཁུངས་ཀྱིས“མྱུར་ཚད་མགྱོགས་སུ་གཏོང་བ”དང་། “ལས་ཁུངས་ཁུ་བསྡུ་བྱེད་པ” “ཁྲལ་རིན་གཅོག་པ”བཅས་ཀྱི་ལས་དོན་གཙོ་གནད་ཐོག་ཡག་པོ་བསྒྲུབ་རྒྱུ་རེད་ཅེས་ངོ་སྤྲོད་བྱས།

ཕྱིར་གཏོང་ནང་འདྲེན་གྱི་འགག་སྒྲོལ་བྱེད་ཚད་ཆེ་རུ་གཏོང་བའི་ཐད། ཟླ་དྲུག་པར་འགག་སྒོ་སྤྱི་ཁྱབ་ཧྲུའུ་ཡིས་ལྟ་ཞིབ་ཚད་ལེན་བྱས་པའི་རྒྱལ་ཡོངས་ཀྱི་ནང་འདྲེན་གྱི་འགག་སྒྲོལ་དུས་ཡུན་ཆུ་ཚོད་39.66ཟིན་པ་དང་ཕྱིར་གཏོང་གི་འགག་སྒྲོལ་དུས་ཡུན་ཆུ་ཚོད2.28ཟིན་པ་དེ2017ལོ་དང་བསྡུར་ན59%དང81%སོ་སོར་ཐུང་དུ་ཕྱིན་ཡོད་པ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།