ཀྲུང་གོ་བོད་ཀྱི་དྲ་བ།

རང་རྒྱལ་ཕྱོགས་ཡོངས་ནས་གྲངས་འཛིན་བརྙན་འཕྲིན་གྱི་དུས་རབས་སུ་སླེབས་པ།

ཡོང་ཁུངས། : མི་དམངས་དྲ་བ།     སྤེལ་དུས། : 2020-07-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉིན་ཤས་གོང་། གསར་འགོད་པས་རྒྱལ་ཁབ་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ཅུས་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་ཉེར་ཡོད་པའི་སྐབས་སུ་རང་རྒྱལ་གྱི་ས་ངོས་གྲངས་འཛིན་བརྙན་འཕྲིན་དྲ་བ་ཕྱོགས་ཡོངས་ནས་བསྐྲུན་ཟིན་ཡོད། འདི་ལོའི་ལོ་མཇུག་ཏུ་སླེབས་སྐབས་སྐུད་མེད་འདྲ་བཟོའི་བརྙན་འཕྲིན་དེ་ལོ་རྒྱུས་ཀྱི་གར་སྟེགས་ནས་ཕྱིར་འཐེན་བྱས་ཏེ་རང་རྒྱལ་འདི་ཉིད་གྲངས་འཛིན་བརྙན་འཕྲིན་གྱི་དུས་རབས་སུ་སླེབས་རྒྱུ་རེད། དེ་ནི་རླུང་འཕྲིན་བརྙན་འཕྲིན་ཁྱབ་ཁོངས་ཀྱིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་དབུལ་སྒྲོལ་འགག་སྒྲོལ་ལ་མཐའ་མའི་རྒྱལ་ཁ་ལེན་པའི་གྲུབ་འབྲས་གལ་ཆེན་ཞིག་ཡིན་པ་དེ་ཐོག་ནས་རང་རྒྱལ་གྱི་རླུང་འཕྲིན་བརྙན་འཕྲིན་གྱི་གཞི་རྩའི་སྤྱི་པའི་ཞབས་ཞུ་ཚད་ལྡན་ཅན་དང་དོ་སྙོམས་ཅན་ལ་འཕེལ་རྒྱས་གལ་ཆེན་བྱུང་བ་མཚོན་ཡོད།

མིག་སྔའི་བར། རྒྱལ་ཡོངས་ཀྱི་སྐུད་ཡོད་བརྙན་འཕྲིན་དང་ཐད་གཏོང་སྲུང་སྐར་སྤྱོད་མཁན་དུད་ཚང་དུང་ཕྱུར2.1དང་དུད་ཚང་དུང་ཕྱུར1.3སོ་སོར་ཟིན་པ་དང་། འཕེན་གཏོང་སྟེགས་བུ་ཁྲི་ཡི་གྲངས་འཛིན་བརྙན་འཕྲིན་འཕེན་གཏོང་འཕྲུལ་ཆས5000ལྷག་ཙམ་རྒྱ་ཆེའི་གྲོང་ཁྱེར་དང་གྲོང་གསེབ་ཏུ་ཁྱབ་ཡོད། ཐབས་ལམ་མང་པོའི་ཐོག་ནས་རྒྱ་ཆེའི་གྲོང་ཁྱེར་དང་གྲོང་གསེབ་ཏུ་བརྒྱུད་གཏོང་དང་ཁྱབ་པར་བྱས་པ་དང་། ཐབས་ལམ་མང་པོའི་ཐོག་ནས་མ་ལག་བརྒྱུད་གཏོང་དང་ཁྱབ་པར་བྱས་པས་ལྟད་མོ་བ་ཚོས་བརྙན་འཕྲིན་ཁ་ཕྱེ་མ་ཐག་གྲངས་འཛིན་བརྙན་འཕྲིན་ལེ་ཚན་ལྟ་ཐུབ་པ་བྱུང་ཡོད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།