ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་འཕྲིན་ཡིག་སྤྲིངས་ནས་ཀྲུང་གོ་ལོ་ཆུང་གདོང་ལེན་རུ་ཁག་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བརྒྱད་པ་འཚོགས་པར་རྟེན་འབྲེལ་ཞུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-07-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོ་ལོ་ཆུང་གདོང་ལེན་རུ་ཁག་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བརྒྱད་པ་ཚེས་ཉེར་གསུམ་ཉིན་གྱི་སྔ་དྲོ་པེ་ཅིང་དུ་འགོ་ཚུགས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་ནས་ཏང་ཀྲུང་དབྱང་གི་ཚབ་བྱས་ཏེ། ཚོགས་ཆེན་འཚོགས་པར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པར་མ་ཟད། རྒྱ་ཆེའི་ལོ་ཆུང་གདོང་ལེན་རུ་ཁག་གི་རུ་མི་དང་ལོ་ཆུང་གདོང་ལེན་རུ་ཁག་གི་ཟུར་ཁྲིད་པ། ལོ་ཆུང་གདོང་ལེན་རུ་ཁག་གི་ལས་དོན་པ་བཅས་ལ་ལྷག་བསམ་ཟོལ་མེད་ཀྱི་ངང་ནས་འཚམས་འདྲི་མཛད།

ཞི་ཅིན་ཕེན་གྱིས་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་ནང་བསྟན་དོན། ལོ་ཆུང་གདོང་ལེན་རུ་ཁག་ནི་སྤྱི་ཚོགས་རིང་ལུགས་དང་གུང་ཁྲན་རིང་ལུགས་འཛུགས་སྐྲུན་བྱེད་པའི་གྲ་སྒྲིག་རུ་ཁག་ཅིག་ཡིན། རྒྱ་ཆེའི་ལོ་ཆུང་གདོང་ལེན་རུ་ཁག་གི་རུ་མིས་ལོ་ཆུང་གདོང་ལེན་རུ་ཁག་གི་སློབ་གྲྭ་ཆེན་མོ་འདིའི་ནང་བློ་ཁ་ཕྱོགས་པ་དང་སྤྱོད་ལམ་གཉེར་བ། འཇོན་ཐང་སྦྱོང་བ་བཅས་བྱ་རྒྱུའི་སེམས་ཐག་གཅོད་པ་རེད། ཆུང་དུས་ནས་ཏང་ལ་དགའ་ཞེན་དང་།མེས་རྒྱལ་ལ་དགའ་ཞེན། མི་དམངས་ལ་དགའ་ཞེན་བཅས་བྱེད་པའི་བརྩེ་སེམས་གསོ་སྐྱོང་བྱས་ནས་སྐྱེ་སྟོབས་ཀྱི་དཔལ་འབར་བའི་བསམ་པའི་ཉམས་འགྱུར་མངོན་ཡོད་ཅེས་གསུངས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། དུས་རབས་གསར་པའི་ནང་། ལོ་ཆུང་གདོང་ལེན་རུ་ཁག་གིས་རུ་དར་མཐོན་པོར་བསྒྲེངས་ནས་ཏང་གི་རྗེས་སུ་འབྲང་དགོས་པ་དང་གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་བྱེད་དགོས། དུས་རབས་ཀྱི་མི་གསར་པ་གསོ་སྐྱོང་བྱེད་རྒྱུ་དང་། རྒྱ་ཆེའི་ལོ་ཆུང་གདོང་ལེན་རུ་ཁག་གི་རུ་མིར་མཐུན་སྒྲིལ་དང་སློབ་གསོ། སྣེ་ཁྲིད་བཅས་བྱས་ཏེ་གུང་ཁྲན་རིང་ལུགས་བྱ་གཞག་གི་རྒྱུན་འཛིན་པ་བྱས་ནས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་ཆེད་དུས་དང་རྣམ་པ་ཀུན་ཏུ་གྲ་སྒྲིག་བྱེད་དགོས། རིམ་པ་སོ་སོའི་ཏང་ཨུས་ལོ་ཆུང་གདོང་ལེན་རུ་ཁག་གི་ལས་ཀར་འགོ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་སྟེ། སྲིད་གཞུང་རིམ་པ་ཁག་དང་སྤྱི་ཚོགས་ཡོངས་ཀྱིས་ལོ་ཆུང་གདོང་ལེན་རུ་ཁག་གི་ལས་ཀར་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས། དུས་རབས་གསར་པའི་ལོ་ཆུང་བྱིས་པ་སྐྱོན་བྲལ་ངང་འཚར་ལོངས་ཡོང་བར་མཐུན་རྐྱེན་བསྐྲུན་དགོས། གུང་གཞོན་ཚོགས་པས་ལོ་ཆུང་གདོང་ལེན་རུ་ཁག་གི་སྣེ་ཁྲིད་དེ་རང་འགན་གཙང་སྒྲུབ་དང་འབད་འབུངས་ཡར་བརྩོན་བྱས་ཏེ། སྐེ་དཀྲིས་དམར་པོར་དུས་རབས་གསར་པའི་གཟི་བརྗིད་སྣོན་དགོས་ཞེས་གསུངས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཝང་ཧུའུ་ཉིང་འགོ་རྩོམ་ཚོགས་འདུར་ཕེབས་ཡོད་པ་རེད།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་སུན་ཁྲུན་ལན་གྱིས་ཚོགས་འདུའི་ཐོག་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་སྒྲོག་སྦྱངས་གནང་བ་དང་འབྲེལ་ཏེ། ཏང་ཀྲུང་དབྱང་གི་ཚབ་ཞུས་ནས་ཤིས་ཚིག་ཕུལ། ཁོ་མོས་གསུང་དོན། ལོ་ཆུང་བྱིས་པ་དང་ལོ་ཆུང་གདོང་ལེན་རུ་ཁག་གི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་རབ་དང་རིམ་པར་སློབ་སྦྱོང་ནན་ཏན་དང་ལག་བསྟར་ནན་ཏན་བྱས་ཏེ། ལོ་ཆུང་བྱིས་པ་སྐྱོན་བྲལ་ངང་འཚར་ལོངས་ཡོང་རྒྱུར་སྐུལ་འདེད་གཏོང་བའི་ལས་དོན་དངོས་ཀྱི་ཁྲོད་ནས་དོན་འཁྱོལ་བྱེད་དགོས། ན་ཆུང་གདོང་ལེན་རུ་མིས་གསར་བརྗེའི་གཞི་རྒྱུ་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད་རོགས་བྱས་ཏེ། ཀུན་སྤྱོད་དང་ཤེས་རིག ལུས་རྩལ། མཛེས་རྩལ། ངལ་རྩོལ་བཅས་ཕྱོགས་ཡོངས་ནས་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ། ཕུགས་འདུན་མངོན་འགྱུར་ཡོང་ཆེད་དུས་དང་རྣམ་པ་ཀུན་ཏུ་གྲ་སྒྲིག་བྱེད་དགོས་པ་དང་། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་ལས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། “བརྒྱ་ལོ་གཉིས”ཀྱི་འབད་འཐབ་དམིགས་ཚད་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་ཕྱོགས་སུ་དཔའ་ངར་ཆེན་པོས་མདུན་སྐྱོད་བྱེད་དགོས་ཞེས་གསུངས།

རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཧྲིན་ཡའེ་ཡའེ་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དབྱང་ཁྲོན་ཐང་ཚོགས་འདུར་ཞུགས་ཡོད་པ་རེད།

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།