ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་འགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-07-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཟླ་བདུན་པའི་ཚེས་ཉེར་གཉིས་ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུར་འགོ་འཛིན་མཛད་དེ། གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པའི་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་ནས་ཞན་ཆ་གསབ་པ་དང་ནང་མཁོ་རྒྱ་སྐྱེད་བཏང་ནས་མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་ལེགས་སུ་གཏོང་རྒྱུར་བཀོད་སྒྲིག་བྱས་པ་དང་།  ཐབས་ལམ་མང་པོར་བརྟེན་ནས་སྟབས་བསྟུན་ལས་ཞུགས་ལ་རྒྱབ་སྐྱོར་བྱེད་པའི་བྱ་ཐབས་གཏན་འཁེལ་བྱས་ནས་སྡོད་དམངས་ཀྱི་ལས་ཞུགས་དང་ཡོང་འབབ་མང་དུ་གཏོང་རྒྱུར་སྐུལ་འདེད་གཏོང་དགོས་པར་བསྟན།

གྲོས་ཚོགས་ལས་བསྟན་དོན། མི་ལྟེ་བར་འཛིན་པའི་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པར་སྐུལ་འདེད་གཏོང་རྒྱུ་ནི། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ཡིན་པ་དང་། ནང་མཁོའི་ཤུགས་ཆེ་ཤོས་གནས་ས་དང“གསར་པ་གཉིས་དང་གལ་ཆེན་གཅིག”འཛུགས་སྐྲུན་གྱི་ནང་དོན་གལ་ཆེན་ཡིན། “བརྟན་འཇགས་དྲུག”གི་ལས་དོན་ཡག་པོ་སྒྲུབ་པ་དང་། “འགན་སྲུང་དྲུག”གི་ལས་འགན་དོན་འཁྱོལ། དཔལ་འབྱོར་གྱི་གཞི་རྩའི་སྡེ་བརྟན་པོ་ཡོང་བ་བཅས་ལ་དོན་སྙིང་གལ་ཆེན་ལྡན་ཡོད། སྲིད་གཞུང་བྱ་བའི་སྙན་ཞུའི་ནང་བཏོན་པའི་གཙོ་གནད་གཞིར་བཟུང་ནས། གྲོང་ཁྱེར་གྱི་ཞན་ཆའི་ཁྱབ་ཁོངས་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་ནས་ཞིང་པ་གྲོང་ཁྱེར་དུ་ལས་ཞུགས་དང་གཞིས་ཆགས་ཀྱི་དགོས་མཁོར་དམིགས་ཏེ། རྫོང་གྲོང་གི་སྤྱི་པའི་སྒྲིག་བཀོད་དང་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་དགོས། གཅིག་ནས་རིམས་འགོག་དང་ཞོད་འགོག་གནོད་སེལ་ཁྲོད་ཕྱིར་མངོན་པའི་གནད་དོན་ལ་དམིགས་གཏད་དེ། སྤྱི་པའི་འཕྲོད་བསྟེན་མ་ལག་དང་འབྲེལ་ཡོད་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གྲོང་ཁྱེར་གྱི་རིམས་ནད་ཚབས་ཆེན་སྔོན་འགོག་དང་ཚོད་འཛིན་བྱེད་ནུས་ཆེ་རུ་གཏོང་དགོས། གྲོང་ཁྱེར་གྱི་ཆུ་ལམ་དང་ཆུ་མཛོད། ཆུ་འབུད་སྦུག་དྲ་སོགས་ཆུ་ལོག་འགོག་པ་དང་འཁྱིལ་ཆུ་བཤང་བའི་སྒྲིག་བཀོད་བསྒྱུར་བཀོད་དང་འཐུས་ཚང་དུ་གཏོང་དགོས། རྒྱ་མཚོའི་རླུང་འཚུབ་དང་ས་ཡོམ་སོགས་གནོད་འཚེ་སྔོན་འགོག་བྱེད་ནུས་ཆེ་རུ་གཏོང་དགོས། གཉིས་ནས་མང་ཚོགས་ཀྱི་འཚོ་བའི་དགོས་མཁོ་སྐོང་རྒྱུར་དམིགས་དགོས། གཞིས་ཁུལ་རྙིང་པ་བསྒྱུར་བཀོད་བྱེད་པར་སྐུལ་འདེད་མགྱོགས་སུ་གཏོང་བ་དང་། ཁོར་ཡུག་སྲུང་སྐྱོབ་སྒྲིག་བཀོད་དང་སྡེ་ཁུལ་ཞབས་ཞུ། རིག་ནུས་ཅན་གྱི་བསྒྱུར་བཀོད། སྤྱི་པའི་རླངས་འཁོར་འཇོག་ས་སོགས་ལྷུ་ཚིགས་ཞན་ས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་དགོས། གསུམ་ནས་ཞིང་པ་འབོར་ཆེན་ཞིག་རྫོང་མཁར་དུ་གནས་སྡོད་དང་འཕེལ་རྒྱས་གཏོང་བའི་དགོས་མཁོར་དམིགས་ཏེ། རྫོང་མཁར་གཞི་རྟེན་དུ་བྱེད་པའི་གྲོང་ཁྱེར་དང་གྲོང་རྡལ་ཅན་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། འགྲིམ་འགྲུལ་དང་གད་སྙིགས། བཙོག་ཆུ་གཙང་བཅོས་སོགས་སྤྱི་པའི་སྒྲིག་བཀོད་འཐུས་ཚང་དུ་གཏོང་དགོས། གྲོང་ཁྱེར་དུ་ཡོང་བའི་ཞིང་པའི་འགྱུར་མེད་དགོས་མཁོ་དང་འཚམ་པའི་སྡོད་ཁང་འཛུགས་སྐྲུན་བྱས་ནས་རྫོང་གྲོང་གི་ཐེག་ནུས་ཆེ་རུ་གཏོང་དགོས། བཞི་ནས་སྣ་མང་ཅན་གྱི་དངུལ་གཏོང་ལ་ཁྲིད་སྟོན་བྱེད་དགོས། སྤྱི་ཕན་རང་བཞིན་གྱི་ལས་གཞིའི་ནོར་སྲིད་མ་དངུལ་འགན་སྲུང་རྐྱེན་སྲོལ་འཐུས་ཚང་དུ་གཏོང་དགོས། ནོར་སྲིད་མ་དངུལ་གྱི་སྐུལ་ཁྲིད་ནུས་པ་འདོན་སྤེལ་བྱེད་པ་དང་། སྤྱི་སྤྱོད་བྱ་གཞག་ལས་གཞིའི་ཐོབ་ཆ་ལུགས་མཐུན་སྤྲོད་པའི་ལམ་སྲོལ་འཛུགས་དགོས། སྤྱི་ཚོགས་ཀྱི་མ་རྩ་འཇོག་པར་འགུག་ཐབས་བྱེད་པ་དང་། དངུལ་རྩའི་ལས་ཁུངས་ཀྱིས་ཡིད་རྟོན་དངུལ་བུན་གྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བར་ཁྲིད་སྟོན་བྱ་དགོས། ས་གནས་ཁག་གིས་ལས་གཞི་གསོག་འཇོག་དང་གསར་སྤེལ་ལ་ཤུགས་སྣོན་བརྒྱབ་ནས་གྲོང་ཁྱེར་འཕེལ་རྒྱས་ཀྱི་ལོ་རྒྱུས་ཆད་དངུལ་རིམ་བཞིན་ཐག་གཅོད་བྱེད་དགོས། དོན་དངོས་དང་ཁ་བྲལ་བའི་ཕྱི་ཚུལ་བཟོ་སྐྲུན་གཉེར་རིགས་སྔོན་འགོག་བྱེད་དགོས། ལྔ་ནས་ངལ་རྩོལ་འདུས་ཚད་ཆེ་བའི་ཐོན་ལས་འཕེལ་རྒྱས་བཏང་ནས་གྲོང་ཁྱེར་དུ་བསྐྱོད་མཁན་ཞིང་པ་ཐག་ཉེ་སར་གླ་རྒྱག་པར་གོ་སྐབས་མཁོ་འདོན་བྱེད་དགོས།

གྲོས་ཚོགས་ལས་བསྟན་དོན། བབ་བསྟུན་ལས་ཞུགས་ནི་ལས་ཞུགས་བརྟན་པོ་ཡོང་བའི་ཐབས་ལམ་གལ་ཆེན་ཞིག་རེད། ས་གནས་སྲིད་གཞུང་གི་འགན་འཁྲི་ཇེ་དམ་དུ་བཏང་ནས་“གློད་སྡོམ་ཞབས་ཞུའི”སྒྱུར་བཅོས་ནན་གྱིས་སྒྲུབ་དགོས། བབ་བསྟུན་ལས་ཞུགས་ཀྱི་ལུགས་དང་མི་མཐུན་པའི་ཚོད་འཛིན་མེད་པར་བཟོས་ནས་ངལ་རྩོལ་པ་རྣམས་ལུགས་དང་མཐུན་ཞིང་གོ་རིམ་ལྡན་པའི་སྒོ་ནས་གཉེར་སྐྱོང་བྱེད་པར་ཁྲིད་སྟོན་བྱ་དགོས། གཅིག་ནི་ཁེར་གཉེར་བྱེད་པར་བསྔགས་སྐུལ་བྱེད་དགོས། མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་དང་ཞིང་པ་ལས་མི་སོགས་གཙོ་གནད་ཚོགས་སྤྱིར་ཁེར་གཉེར་བྱས་ནས། གཏན་འབེབས་ལྟར་ལས་སྐྲུན་ཁ་གསབ་དང་ཁག་ཐེག་དངུལ་བུན་སོགས་ཀྱི་རྒྱབ་སྐྱོར་བྱེད་དགོས། གཉིས་ནི་ཉིན་ཧྲིལ་བོའི་ལམ་ལུགས་མིན་པའི་ལས་ཞུགས་ལ་རྒྱབ་སྐྱོར་བྱེད་དགོས། ལས་ཞུགས་ཐད་དཀའ་ངལ་ཡོད་པའི་མི་སྣ་སོགས་ཀྱིས་ཉིན་ཧྲིལ་བོའི་ལམ་ལུགས་མིན་པའི་ལས་དོན་སྤེལ་ནས་གཏན་འབེབས་ལྟར་སྤྱི་ཚོགས་འགན་བཅོལ་གྱི་ཁ་གསབ་སྤྲོད་རྒྱུ། གསུམ་ནས་དྲ་རྒྱའི་སིལ་ཚོང་དང་སྒུལ་བདེ་ཕྱིར་སྐྱོད་སོགས་ལས་ཞུགས་ཀྱི་རྣམ་པ་གསར་པར་བསྟུན་མཁས་གཟབ་ནན་གྱི་ལྟ་སྐུལ་དོ་དམ་བྱེད་དགོས། དྲ་སྦྲེལ་ལས་སྟེགས་ཀྱིས་སྟབས་བསྟུན་ལས་ཞུགས་ཀྱི་ལས་གནས་དེ་བས་མང་བ་བསྐྲུན་རྒྱུར་སྐུལ་མ་གཏོང་དགོས། བཞི་ནི་ཁེ་ལས་ཀྱི་སྟབས་བསྟུན་ལས་མི་བཀོལ་སྤྱོད་ཀྱི་དགོས་མཁོ་དང་འཚམ་པར་བྱས་ཏེ་ཉིན་གླའི་ཁྲོམ་ར་འཕེལ་རྒྱས་གཏོང་དགོས། སྟབས་བསྟུན་ལས་ཞུགས་མི་སྣའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོབ་བྱས་ནས་ངལ་རྩོལ་པའི་གླ་ཕོགས་འགྱངས་ཆད་བྱེད་རིགས་གཏན་འགོག་བྱེད་དགོས། ལྔ་ནི་དམིགས་སའི་རང་བཞིན་ལྡན་པའི་གསོ་སྦྱོང་བྱས་ནས་མང་ཚོགས་ཀྱི་སྟབས་བསྟུན་ལས་ཞུགས་ནུས་པ་ཆེ་རུ་གཏོང་དགོས།

ཚོགས་འདུའི་ཐོག་ད་དུང་བྱ་བ་གཞན་དག་ལའང་ཞིབ་འཇུག་བྱས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།