ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་འགོ་འཛིན་མཛད་དེ་ཁེ་ལས་པའི་བཞུགས་མོལ་ཚོགས་འདུ་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-07-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ7པའི་ཚེས21ཉིན་གྱི་ཕྱི་དྲོ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་དུ་ཁེ་ལས་མཁས་ཅན་གྱི་བཞུགས་མོལ་ཚོགས་འདུར་འགོ་འཛིན་མཛད་དེ་གསུང་བཤད་གལ་ཆེན་གནང་། ཁོང་གིས་ནན་གྱིས་བསྟན་དོན། བཅོས་སྒྱུར་སྒོ་འབྱེད་བྱས་ཚུན་རང་རྒྱལ་གྱིས་སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་སྒྲིག་སྲོལ་རིམ་བཞིན་བཙུགས་པ་དང་རྒྱུན་ཆད་མེད་པར་འཐུས་སྒོ་ཇེ་ཚང་དུ་བཏང་ཡོད། ཚོང་རའི་མ་ལག་ཟམ་མི་ཆད་པར་འཕེལ་རྒྱས་བྱུང་བ་དང་ཚོང་རའི་གྲུབ་ཆ་གཙོ་བོ་སྣ་ཚོགས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་བྱུང་ཡོད། གློ་ཚད་ཀྱི་རིམས་ནད་གསར་པས་རང་རྒྱལ་གྱི་དཔལ་འབྱོར་དང་འཛམ་གླིང་གི་དཔལ་འབྱོར་ལ་ཕོག་ཐུག་ཆེན་པོ་བཏང་བ་དང་། རང་རྒྱལ་གྱི་ཚོང་རའི་གྲུབ་ཆ་གཙོ་བོ་མང་པོར་སྔར་བྱུང་མྱོང་མེད་པའི་གནོན་ཤུགས་སྤྲད་ཡོད། ཚོང་རའི་གྲུབ་ཆ་གཙོ་བོ་ནི་དཔལ་འབྱོར་གྱི་སྟོབས་ཤུགས་གཞི་རྟེན་ཡིན་པ་དང་། ཚོང་རའི་གྲུབ་ཆ་གཙོ་བོ་འགན་སྲུང་བྱ་རྒྱུ་ནི་སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་འགན་སྲུང་བྱ་རྒྱུ་དེ་ཡིན། ཐབས་བརྒྱ་ཇུས་སྟོང་གིས་ཚོང་རའི་གྲུབ་ཆ་གཙོ་བོ་སྲུང་སྐྱོང་ཡག་པོ་དང་ཚོང་རའི་རང་བདག་གི་གསོན་ཤུགས་སྐུལ་སློང་། ཁེ་ལས་པའི་སྙིང་སྟོབས་དར་སྤེལ། ཁེ་ལས་ཀྱིས་ནུས་པ་དེ་བས་ཆེ་བ་འདོན་སྤེལ་བྱས་ནས། འཕེལ་རྒྱས་དེ་བས་ཆེ་བ་ཡོང་བར་བྱས་ཏེ་དཔལ་འབྱོར་འཕེལ་རྒྱས་ཆེད་གཞི་རྩའི་སྟོབས་ཤུགས་གསོག་དགོས་ཟེར།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཝང་ཧུའུ་ཉིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་བཞུགས་མོལ་ཚོགས་འདུར་ཞུགས།

ཞི་ཅིན་ཕིང་གིས་ཁེ་ལས་པ་ཚང་མའི་གཏམ་བཤད་ལ་ནན་ཏན་ངང་གསན་རྗེས་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས་རྒྱལ་ཡོངས་གོང་འོག་ཚང་མས་ཐུན་མོང་ཐོག་འབད་བརྩོན་བྱས་པ་བརྒྱུད། མིག་སྔར་རང་རྒྱལ་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་ཐད་འཐབ་ཇུས་ཀྱི་གྲུབ་འབྲས་གལ་ཆེན་ཐོབ་པ་དང་། དཔལ་འབྱོར་འཕེལ་རྒྱས་ཐད་བརྟན་པོའི་ངང་ཡར་འཕེལ་གྱི་རྣམ་པ་ཐོན་ཡོད། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སླར་གསོའི་ཐད་འཛམ་གླིང་གི་མདུན་གྲལ་དུ་སླེབས་ཡོད་པས་གནས་ཚུལ་སྔོན་དཔག་ལས་ལེགས་པ་ཡོད། ང་ཚོས་ཡིད་ཆེས་ཇེ་བརྟན་དང་དཀའ་བར་མི་འཛེམ་པར་མདུན་དུ་སྐྱོད་པ། རིམས་ནད་ཀྱིས་བཟོས་པའི་གྱོང་གུད་ཁ་གསབ་བྱས་ནས་ལོ་ཧྲིལ་པོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་གྲུབ་འབྲས་བཟང་བོ་བརྩོན་ལེན་བྱེད་དགོས་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། ཁྲོམ་རའི་རང་བདག་ནི་རང་རྒྱལ་གྱི་དཔལ་འབྱོར་བྱེད་སྒོའི་ནང་ཞུགས་མཁན་གཙོ་བོ་དང་ལས་ཞུགས་གོ་སྐབས་མཁོ་འདོན་བྱེད་མཁན་གཙོ་བོ། ལག་རྩལ་ཡར་ཐོན་ལ་སྐུལ་འདེད་གཏོང་མཁན་གཙོ་བོ་བཅས་ཡིན་པས་རྒྱལ་ཁབ་འཕེལ་རྒྱས་གཏོང་བའི་ཁྲོད་ནུས་པ་ཧ་ཅང་གལ་ཆེན་འདོན་བཞིན་ཡོད། གློ་ཚད་ཀྱི་རིམས་ནད་གསར་བ་བྱུང་བ་ནས་བཟུང་། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གི་འགོ་ཁྲིད་འོག ཚོང་རའི་གྲུབ་ཆ་གཙོ་བོ་རིགས་ཁག་རིམས་ནད་ལ་ཁ་གཏད་འཇལ་བའི་མི་དམངས་དམག་འཁྲུག་ནང་ཧུར་ཐག་སྒོས་ཞུགས་པ་དང་། མཐུན་སྒྲིལ་རོགས་ལས་དང་མཁྲེགས་གཏོར་དཀའ་སེལ། འབད་བརྩོན་ཆེན་པོས་རང་སྐྱོབ་བཅས་བྱས་ཡོད། དུས་མཚུངས་སུ་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་པར་དངོས་པོའི་འདེགས་སྐྱོར་ནུས་ལྡན་མཁོ་འདོན་བྱས་ཡོད། ཞི་ཅིན་ཕིང་གིས་རྒྱ་ཆེའི་རྒྱལ་དབང་ཁེ་ལས་དང་དམངས་གཉེར་ཁེ་ལས། ཕྱི་རྒྱལ་གྱིས་མ་དངུལ་བཞག་པའི་ཁེ་ལས། ཞང་ཀང་དང་ཨའོ་མོན། ཐའེ་ཝན་བཅས་ཀྱི་མ་འཇོག་ཁེ་ལས། སྒེར་གཉེར་བཟོ་ཚོང་ཁྱིམ་ཚང་བཅས་ཀྱིས་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཆེད་ལེགས་སྐྱེས་ཕུལ་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཟེར།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཏང་ཀྲུང་དབྱང་གིས“བརྟན་འཇགས་དྲུག”གི་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་པ་དང་། “འགན་ལེན་དྲུག”གི་ལས་འགན་དོན་འཁྱོལ་བྱེད་དགོས་ཞེས་ཁ་གསལ་བཟོས་ཡོད་ཅིང་། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ཁྲོམ་རའི་རང་བདག་སྲུང་སྐྱོབ་དང་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་དང་བྱེད་ཐབས་རབ་དང་རིམ་པ་བཏོན་ཡོད། སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་ཁྲོམ་རའི་རང་བདག་གི་གསོན་ཤུགས་འཕེལ་བར་བྱེད་དགོས། རྒྱ་ཆེའི་ཚོང་རའི་གྲུབ་ཆ་གཙོ་བོ་རྒྱུན་ལྡན་དུ་འཚོ་གནས་ཐུབ་པ་མ་ཟད། འཕེལ་རྒྱས་སྔར་ལས་ཆེ་བ་ཡོང་བ་ཡང་བྱ་དགོས། གཅིག་ནས་དཀའ་ངལ་ཁྱད་བསད་ཀྱིས་ཁེ་ལས་ལ་ཕན་པའི་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱེད་དགོས། སྔར་ལས་དགེ་མཚན་ལྡན་པ་དང་ཕན་ནུས་ལྡན་པའི་ནོར་སྲིད་སྲིད་ཇུས་དང་སྔར་ལས་གཟབ་བརླིང་བབ་བསྟུན་གྱི་དངུལ་ལོར་སྲིད་ཇུས་ལག་བསྟར་ཡག་པོ་བྱ་དགོས། སྤྱི་ཁོག་སྲིད་ཇུས་ཀྱི་དམིགས་གཏད་རང་བཞིན་དང་དུས་ནུས་རང་བཞིན་ཆེ་རུ་གཏོང་བ་དང་། མུ་མཐུད་དུ་ཁྲལ་རིན་གཉིས་གཅོག་དང་བོགས་ཆག་སྐྱེད་ཆག་བྱ་དགོས། དཀའ་ངལ་སེལ་བའི་བྱེད་ཐབས་ཁག་གཞི་རིམ་ལ་ཐད་ཀར་ཁྱབ་པ་དང་ཚོང་རའི་གཙོ་ཤུགས་ལ་ཐད་ཀར་ཕན་པའི་འགན་ལེན་ཏན་ཏིག་བྱ་དགོས། ཚོང་རའི་གྲུབ་ཆ་གཙོ་བོར་དངུལ་རྩའི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་ཀུན་ཕན་དངུལ་རྩ་འཕེལ་རྒྱས་གཏོང་བ། བྲིན་ཆེ་བའི་ཕྱིར་གཏོང་ཚོང་ཟོག་གིས་རྒྱལ་ནང་གི་ཚོང་ར་རྒྱ་སྐྱེད་གཏོང་བར་རྒྱབ་སྐྱོར་བཅས་བྱ་དགོས། གཉིས་ནས་ཁྲོམ་ར་ཅན་དང་ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་བསྐྲུན་དགོས། དམངས་དོན་ཁྲིམས་གཞུང་དང་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་ལག་བསྟར་ཡག་པོ་བྱས་རེ། རྒྱལ་ཁབ་ལ་དབང་བ་དང་དམངས་གཉེར། ཕྱི་རྒྱལ་གྱི་མ་དངུལ་སོགས་དབང་བའི་ལམ་ལུགས་སྣ་ཚོགས་ཀྱི་ཁེ་ལས་ཀྱི་རྒྱུ་ནོར་བདག་དབང་དང་རང་བདག་གཉེར་སྐྱོང་བྱེད་དབང་ཁྲིམས་ལྟར་འདྲ་མཉམ་ངང་སྲུང་སྐྱོང་དང་། ཚོང་རར་ཞུགས་འཐུས་ཀྱི་བཀག་རྒྱའི་གསལ་ཐོའི་ལམ་ལུགས་ཕྱོགས་ཡོངས་ནས་ལག་བསྟར་བྱ་དགོས། ཕྱི་རྒྱལ་གྱི་ཚོང་པས་མ་དངུལ་འཇོག་པའི་བཅའ་ཁྲིམས་ལག་བསྟར་ཡག་པོ་བྱེད་པ་དང་། ཚོང་རར་ཞུགས་ཆོག་པ་ཇེ་ལྷོད་དུ་བཏང་ནས་ཉོ་ཚོང་དང་མ་དངུལ་འཇོག་རྒྱུ་སྟབས་བདེ་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས། གསུམ་ནས་སྲིད་ཚོང་འབྲེལ་བ་འཛུགས་དགོས། རིམ་པ་ཁག་གི་འགོ་ཁྲིད་ལས་བྱེད་པས་ཁ་གསལ་གཏིང་གསལ་གྱིས་ཁེ་ལས་དང་འགྲོ་འོང་བྱེད་རྒྱུ་དང་། ཁེ་ལས་པའི་བསམ་བློ་གཏོང་ས་དང་དཀའ་ངལ་ཐུག་སར་ཤེས་རྟོགས་བྱས་ཏེ། ཁེ་ལས་དང་འབྲེལ་བ་ཡོད་པའི་སྲིད་ཇུས་གཏན་འབེབས་བྱེད་སྐབས་ཁེ་ལས་པའི་བསམ་འཆར་དང་གྲོས་འགོར་མང་ཙམ་ཉན་དགོས། དུས་མཚུངས་སུ་དབང་དངུལ་བརྗེ་འཚོང་དང་ཚོང་ལས་ལྐོག་རྔན་སྤྲོད་ལེན་སོགས་ཀྱི་གནད་དོན་གྱིས་སྲིད་ཚོང་འབྲེལ་བ་དང་ཚོང་གཉེར་ཁོར་ཡུག་ལ་གནོད་འཚེ་གཏོང་བར་སྔོན་འགོག་མཐའ་གཅིག་ཏུ་བྱ་དགོས། སྤྱི་པའི་ཞབས་ཞུ་སྤུས་ལེགས་སྔར་ལས་མང་བ་མཁོ་འདོན་བྱ་དགོས། ཁེ་ལས་པས་སྙིང་རུས་བསྐྱེད་དེ་ལས་གཉེར་དང་ཀྲུང་གོའི་ཚོང་རར་རྩ་བ་ཚུགས་པ། ཀྲུང་གོའི་ཚོང་ར་སྔོག་འདོན་བཅས་བྱེད་པར་རྒྱབ་སྐྱོར་བྱ་དགོས། བཞི་ནས་ཁེར་རྐྱང་བཟོ་ཚོང་དུད་ཚང་འཕེལ་རྒྱས་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་དགོས། སྒེར་གཉེར་བཟོ་ཚོང་ཁྱིམ་ཚང་ལ་གླ་དངུལ་དང་ཁྲལ་དངུལ། སྤྱི་ཚོགས་འགན་སྲུང་། དངུལ་རྩ་སོགས་ཐད་ཀྱི་དཀའ་གནད་སེལ་རོགས་ཧུར་ཐག་བྱས་ནས། དེ་བས་ཐད་ཀ་དང་དེ་བས་ནུས་ལྡན་གྱི་སྲིད་ཇུས་རོགས་སྐྱོར་མཁོ་འདོན་བྱེད་དགོས་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། “ལོ་ལྔའི་འཆར་གཞི་བཅུ་བཞི་པའི”དུས་སྐབས་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པར་བྱེད་པའི་རྨང་གཞིའི་ཐོག་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུ་འགྱུར་བའི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་འཐབ་ལམ་གསར་པའི་འགོ་ཚུགས་པའི་ལོ་ལྔ་ཡིན་པར་བརྟེན། དེར་དོན་སྙིང་ཧ་ཅང་གལ་ཆེན་ལྡན་པ་རེད། འབྲེལ་ཡོད་ཕྱོགས་ཀྱིས་ཁེ་ལས་པའི་འཐུས་མིས་བཏོན་པའི་བསམ་འཆར་དང་གྲོས་འགོར་ཞིབ་འཇུག་དང་བསྡུ་ལེན་ནན་ཏན་བྱ་དགོས། ཐུན་མོང་ཐོག་འབད་བརྩོན་བྱས་པ་བརྒྱུད་རྒྱ་ཆེའི་ཁེ་ལས་དང་ཁེར་རྐྱང་བཟོ་ཚོང་ཁྱིམ་ཚང་གིས་རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་འཕེལ་རིམ་ནང་ནུས་པ་དེ་བས་ཆེ་བ་འདོན་སྤེལ་དང་འཕེལ་རྒྱས་དེ་བས་ཆེ་བ་མངོན་འགྱུར་ཐུབ་ངེས་ཡིན་པའི་ཡིད་ཆེས་ཡོད་ཅེས་གསུངས་པ་རེད།

ཏིང་ཞུའེ་ཞང་དང་ལིའུ་ཧོ། དབྱང་ཅེ་ཁྲེ། ཧོང་ཁུན་མིང་། ཡིའུ་ཆོན། ཝང་ཡུང་། ཝང་དབྱི། ཧོ་ལི་ཧྥུང་བཅས་བཞུགས་མོལ་ཚོགས་འདུར་ཞུགས།

ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་དང་འབྲེལ་ཡོད་མི་དམངས་ཚོགས་པའི་འགན་འཁུར་བློ་མཐུན་དང་རྒྱལ་དབང་ཁེ་ལས། དམངས་གཉེར་ཁེ་ལས། ཕྱི་རྒྱལ་གྱིས་མ་དངུལ་བཞག་པའི་ཁེ་ལས། ཞང་ཀང་དང་། ཨའོ་མོན། ཐའེ་ཝན་བཅས་ཀྱི་མ་འཇོག་ཁེ་ལས། སྒེར་གཉེར་བཟོ་ཚོང་ཁྱིམ་ཚང་གི་འཐུས་མི་སོགས་བཞུགས་མོལ་ཚོགས་འདུར་ཞུགས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།