ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཁབ་རྒྱལ་དབང་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གིས་ལོ་སྨད་ཀྱི་བྱ་བར་བཀོད་སྒྲིག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-07-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་རྒྱལ་དབང་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གི་ཏང་ཨུའི་ཧྲུའུ་ཅི། ཀྲུའུ་རིན་ཧའོ་ཕིང་གིས་ཉེ་སྔོན་བསྟན་དོན། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་སྔར་ལས་ལག་བསྟར་མཐའ་འཁྱོལ་བྱས་ཏེ། བརྟན་བརླིང་ཁྲོད་ནས་འཕེལ་རྒྱས་བརྩོན་ལེན་བྱེད་པ་དང་། དུས་བསྟུན་བབ་བསྟུན་གྱིས་ཇུས་འགོད་བྱེད་པ། བྱ་བའི་གནད་ཆེ་ས་འབུར་དུ་ཐོན་པར་བྱེད་པ། ཐབས་བརྒྱ་ཇུས་སྟོང་གིས་རིམས་ནད་ལས་བཟོས་པའི་གྱོང་གུད་གསབ་པ་བཅས་བྱས་ཏེ། ཀྲུང་དབྱང་གི་ཁེ་ལས་མང་ཆེ་ཤོས་ཀྱི་ཁེ་ཕན་བསྟུད་མར་མགྱོགས་མྱུར་ངང་འཕར་བར་བྱེད་པ་དང་། ཀྲུང་དབྱང་ཁེ་ལས་ཀྱི་སྤྱིའི་ཕན་འབྲས་འཕར་སྣོན་འབྱུང་བར་བརྩོན་ལེན་བྱེད་དགོས་ཟེར།

ཁོས་རྒྱལ་དབང་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གི་ཚེས་བཅུ་བདུན་ཉིན་པེ་ཅིན་ནས་ཚོགས་པའི་ཀྲུང་དབྱང་ཁེ་ལས་ཀྱི་འགན་ཁུར་བའི་ལོ་དཀྱིལ་བརྙན་རིས་ཚོགས་འདུའི་སྟེང་གོང་གི་སྐད་ཆ་དེ་བཤད་པ་རེད། ཚོགས་འདུ་དེའི་སྟེང་ད་ལོའི་ལོ་སྟོད་ཀྱི་རྒྱལ་དབང་རྒྱུ་ནོར་དང་ཀྲུང་དབྱང་ཁེ་ལས་ཀྱི་ཕྱོགས་སོ་སོའི་བྱ་བ་སྤྱི་བསྡོམས་བྱས་པར་མ་ཟད། ལོ་སྨད་ཀྱི་བྱ་བའི་ལས་འགན་བཀོད་སྒྲིག་བྱས།

ཚོགས་འདུ་ལས་བསྒྲགས་པའི་གནས་ཚུལ་ལྟར་ན། ད་ལོའི་ལོ་སྟོད་ལ། རྒྱལ་དབང་རྒྱུ་ནོར་དང་ཀྲུང་དབྱང་ཁེ་ལས་ཀྱིས་རིམས་ནད་འགོག་སྡོམ་དང་ཁེ་ལས་ཚོང་གཉེར་འཕེལ་རྒྱས་ཀྱི་བྱ་བ་གཅིག་གྱུར་གྱིས་སྒྲུབ་ནས། རིམས་ནད་འགོག་སྡོམ་འཐབ་རྩོད་ཁྲོད་དུ་སྔོན་ལ་མཆོངས་པ་དང་ལས་འགན་ལྗིད་མོ་ཕྲག་ཏུ་བླངས། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྲོད་དུ་དཀའ་ངལ་གདོང་གིས་བསུས་པ་དང་འབད་འཐབ་ལྷོད་མེད་བྱས་ཏེ། སྔོན་ལ་ལས་ཐོན་སླར་གསོ་བྱས་པ་དང་། རིགས་སྣ་ཚོགས་ཀྱི་ཁྲོམ་རའི་གཙོ་གཞིའི་ཐུན་མོང་འཕེལ་རྒྱས་ལ་སྐུལ་ཁྲིད་བྱས་པས། ཐོན་སྐྱེད་ཚོང་གཉེར་གྱི་གནས་ཚུལ་ཟླ་རེ་ལས་ཟླ་རེར་བཟང་བ་དང་དཔལ་འབྱོར་ཕན་འབྲས་བརྟན་བརླིང་ངང་བསྐྱར་འཕར་བྱུང་ཟེར།

ཉིས་སྟོང་ཉི་ཤུ་ལོ་ནི་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འགྲུབ་པར་བྱེད་པ་དང་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་མཇུག་བསྡུ་བའི་ལོ་ཡིན་ལ། དབུལ་ཐར་མཁྲེགས་གཏོར་གྱི་འཐབ་འཛིང་ལ་རྒྱལ་ཁ་ལེན་པའི་ལོ་ཡང་ཡིན་པས། གྲོས་ཚོགས་སྟེང་། རྒྱལ་དབང་རྒྱུ་ནོར་དང་ཀྲུང་དབྱང་ཁེ་ལས་ཀྱིས་ལོ་ཧྲིལ་བོའི་དམིགས་འབེན་ལས་འགན་ཧུར་ཐག་གིས་མངོན་འགྱུར་བྱེད་དགོས་ན། སྤུས་འདེགས་ཕན་འདེགས་ཀྱིས་འཕར་སྣོན་བརྟན་འཇགས་སུ་གཏོང་བ་དང་། ཁེ་ལས་ཀྱི་བཅོས་སྒྱུར་དོན་ཐོག་ཏུ་འཁྱོལ་བར་བྱེད་པ། གནད་འགག་སྲོག་ཤིང་གི་ལག་རྩལ་གྱི་འགག་སྒོ་གཏོར་བ། རྒྱལ་དབང་མ་རྩའི་གྲུབ་ཚུལ་ལེགས་སྒྱུར་བྱེད་པ། ཉེན་ཁ་ཚབས་ཆེན་འགོག་སེལ་བྱེད་པ། ཁེ་ལས་ཀྱི་ཏང་འཛུགས་སྐྲུན། རིམས་ནད་རྒྱུན་ལྡན་ཅན་གྱི་འགོག་སྡོམ་སོགས་ཕྱོགས་ཀྱི་བྱ་བ་རྣམས་འབུར་དུ་ཐོན་པར་བྱེད་དགོས་ཞེས་གསལ་བོར་བསྟན།

བསྡོམས་རྩིས་བྱས་པ་ལྟར་ན། ལོ་སྟོད་ལ་ཀྲུང་དབྱང་ཁེ་ལས་ཀྱིས་བསྡོམས་པས་ཚོང་གཉེར་ཡོང་སྒོ་སྒོར་ཐེར་འབུམ་གཅིག་དང་དུང་ཕྱུར་གསུམ་བྱེ་བ་བཞི་བླངས་པ་དེ་དུས་མཉམ་ལས་བརྒྱ་ཆའི་བདུན་ལྷག་མར་བབས་པ་དང་། མར་བབས་ཚད་དེ་དུས་ཚིགས་དང་པོ་དང་བསྡུར་ན་བརྒྱ་ཆའི་བཞི་ཡིས་ཇེ་ཉུང་དུ་སོང་ལ་བསྟུད་མར་ཟླ་གསུམ་གྱི་རིང་ཇེ་ཉུང་དུ་སོང་སྟེ། བསྡོམས་པས་ཁེ་སྤོགས་རྐྱང་རྐྱང་སྒོར་ཁྲག་ཁྲིག་བཞི་དང་ཐེར་ཆེན་གསུམ་ཐེར་འབུམ་བརྒྱད་དུང་ཕྱུར་ལྔ་བྱེ་བ་ལྔ་མངོན་འགྱུར་བྱས་པ་དེ་དུས་མཉམ་ལས་བརྒྱ་ཆའི་སོ་བདུན་ལྷག་མར་བབས་ལ། མར་བབས་ཚད་ཟླ་དང་པོ་དང་ལྔ་པ་ལས་བརྒྱ་ཆའི་བཅུ་གཉིས་ལྷག་གིས་ཉུང་ཟེར། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།