ཀྲུང་གོ་བོད་ཀྱི་དྲ་བ།

འཕྲལ་བསྟུན་དོ་དམ་པུའུ་ཡིས་ཟླ7པའི་ཚུན་ལ་ཆུ་ལོག་གི་གནོད་འཚེ་ལས་མི་ཐེངས23857000ལ་གནོད་འཚེ་ཐེབས་པ་དང་མི31གར་སོང་མ་ཤེས་ལ་མི་ཐེངས239000གནས་སྤར་བར་བཤད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-07-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་ཚེས་བཅུ་དགུ་ཉིན་འཕྲལ་བསྟུན་དོ་དམ་པུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཟླ་བདུན་པའི་ཚུན་ལ། ཆུ་ལོག་གི་གནོད་འཚེ་ལས་ཅང་ཞི་དང་ཨན་ཧོས། ཧུའུ་པེ། ཧུའུ་ནན། ཁྲུང་ཆིན། ཀོས་ཀྲིག་སོགས་ཞིང་ལྗོངས་དང་གྲོང་ཁྱེར་ཉེར་བཞིའི་མི་ཐེངས་བྱེ་བ་གཉིས་དང་ས་ཡ་གསུམ་འབུམ་བརྒྱད་ཁྲི་ལྔ་སྟོང་བདུན་ལ་གནོད་འཚེ་ཐེབས་པ་དང་། མི་སོ་གཅིག་གར་སོང་མ་ཤེས་ལ། མི་ཐེངས་ས་ཡ་གཉིས་དང་ཁྲི་གསུམ་སྟོང་དགུ་གནས་སྤར་ཟེར།

འཕྲལ་བསྟུན་དོ་དམ་པུའུ་ཡིས་བསྡོམས་རྩིས་བྱས་པ་ལྟར་ན། ཟླ་བདུན་པའི་ཚུན་ལ། ཆུ་ལོག་གི་གནོད་འཚེ་ལས་ཁང་པ་གྱན་ཁྲི་གཅིག་དང་སྟོང་དྲུག་བརྡིབས་པ་དང་། གྱན་འབུམ་གཅིག་དང་ཁྲི་ལྔ་སྟོང་གཅིག་ལ་ཚད་མི་འདྲ་བའི་གཏོར་བརླག་ཐེབས། ལོ་ཏོག་ལ་གནོད་འཚེ་ཐེབས་པའི་རྒྱ་ཁྱོན་ལ་སྤྱི་ཆིང་སྟོང་གཉིས་དང་བཞི་བརྒྱ་དོན་བརྒྱད་ཡོད་པ་དང་། ཐད་ཀར་དུ་བཟོས་པའི་དཔལ་འབྱོར་གྱི་གྱོང་གུད་སྒོར་ཐེར་ཆེན་དྲུག་དང་ཐེར་འབུམ་བཞི་དུང་ཕྱུར་གསུམ་བྱེ་བ་དགུ་ལ་སླེབས། ཉེ་བའི་ལོ་ལྔའི་དུས་མཉམ་ཀྱི་ཆ་སྙོམས་ཀྱི་ཚད་དང་བསྡུར་ན། བྲེལ་འཚུབ་ཀྱིས་གནས་སྤར་ཏེ་བཀོད་སྒྲིག་བྱས་པའི་མི་ཐེངས་བརྒྱ་ཆའི་ང་གསུམ་ལྷག་འཕར། གནོད་འཚེར་བརྟེན་ནས་རྐྱེན་ལམ་དུ་ཤོར་བ་དང་གར་སོང་མ་ཤེས་པའི་མི་གྲངས་དང་། ཁང་པ་བརྡིབས་པའི་གྲངས་ཀ། ཐད་ཀར་དུ་བཟོས་པའི་དཔལ་འབྱོར་གྱི་གྱོང་གུད་བཅས་སོ་སོར་བརྒྱ་ཆའི་གྱ་གཉིས་དང་བརྒྱ་ཆའི་དོན་བརྒྱད་ལྷག བརྒྱ་ཆའི་ལྔ་ལྷག་བཅས་ཀྱིས་ཇེ་དམའ་རུ་སོང་ཡོད།

རྒྱལ་ཁབ་ཞོད་འགོག་གཞུང་སྒྲུབ་ཁང་དང་འཕྲལ་བསྟུན་དོ་དམ་པུའུ་ཡིས་ཚེས་བཅུ་དགུ་ཉིན་ཞོད་འགོག་རྒུད་སྐྱོབ་བྱ་བའི་ཆེད་དོན་གྲོས་མོལ་ཚོགས་འདུ་བསྡུས་ཏེ། གནོད་འཚེའི་གནས་ཚུལ་དང་ཆུ་ལོག་གི་གནས་ཚུལ་གྱི་དབྱེ་ཞིབ་སྙན་ཞུའི་རྐྱེན་སྲོལ་འཐུས་ཚང་དུ་བཏང་ནས། ཆུ་ལོག་གི་གནས་ཚུལ་གྱི་ཕྱོགས་བསྡུས་ཆ་འཕྲིན་ཞིབ་འཇུག་བརྡར་གཅོད་ཀྱི་ནུས་པ་དང་ཆུ་ཚད་མཐོར་འདེགས་བྱེད་དགོས་པ་དང་། སྔར་ལས་ཚན་རིག་དང་མཐུན་ཞིང་གནད་ལ་འཁེལ་བའི་སྒོ་ནས་སྟོབས་ཤུགས་མངགས་གཏོང་བྱས་ཏེ། རྒུད་སྐྱོབ་སྟོབས་ཤུགས་སྔོན་ལ་བཀོད་སྒྲིག་བྱེད་དགོས་ཤིང་། ཞོད་འགོག་དངོས་རྫས་ཀྱི་འགན་སྲུང་ལ་སྔར་ལས་ཤུགས་སྣོན་པ་དང་། ཞོད་འགོག་རྒུད་སྐྱོབ་དངོས་རྫས་གྲོས་མོལ་ཞིབ་འཇུག་བརྡར་གཅོད་རྐྱེན་སྲོལ་བཙུགས་ཏེ། རྒུད་སྐྱོབ་དངོས་རྫས་ཀྱི་དགོས་མཁོའི་ཞིབ་འཇུག་བརྡར་གཅོད་དང་མགྱོགས་མྱུར་བཀོད་སྒྲིག གསོག་འཇོག་དོ་དམ་སོགས་ཀྱི་བྱ་བར་ཤུགས་སྣོན་དགོས་ལ། མང་ཚོགས་གནས་སྤོར་བཀོད་སྒྲིག་སྔར་ལས་བཟང་བོ་བྱས་ཏེ། གནས་སྤོར་བཀོད་སྒྲིག་གི་འཕྲལ་བསྟུན་ཇུས་གཞི་འཐུས་ཚང་དུ་གཏོང་དགོས་པའི་རེ་བ་བཏོན།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།