2020ལོའི་དབུལ་སྒྲོལ་འགག་སྒྲོལ་གྱི་ལྟ་སྐུལ་ཞིབ་བཤེར་བྱེད་འགོ་ཚུགས་པ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱ་ཆེད། ཀྲུང་གུང་ཀྲུང་དབྱང་གཞུང་ལས་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིང་གི《དབུལ་སྒྲོལ་འགག་སྒྲོལ་ལྟ་བཤེར་སྐོར་ཞིབ་ལས་དོན་གྱི་བྱེད་ཐབས》དང《2020ལོའི་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ལྟ་སྐུལ་ཞིབ་བཤེར་གྱི་དཔྱད་ཞིབ་འཆར་འགོད》ཀྱི་བླང་བྱ་གཞིར་བཟུང་། ཉེ་ཆར། རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གསར་སྤེལ་འགོ་ཁྲིད་ཚོགས་ཆུང་གིས2020ལོའི་དབུལ་སྒྲོལ་འགག་སྒྲོལ་གྱི་ལྟ་སྐུལ་ཞིབ་བཤེར་ལས་དོན་སྤེལ་འགོ་བཙུགས་པ་རེད།

ཐེངས་འདིའི་ལྟ་སྐུལ་ཞིབ་བཤེར་གྱི་ལས་འགན་གཙོ་བོ་ནི་དམིགས་ཚད་ཀྱི་སྟོན་ཕྱོགས་དང་། གནད་དོན་གྱི་སྟོན་ཕྱོགས། འབྲས་བུའི་སྟོན་ཕྱོཌ་བཅས་མཐའ་འཁྱོངས་བྱས་ཏེ། དབུས་ནུབ་རྒྱུད་ཀྱི་ཞིང་ཆེན་22ཀྱི་དབུལ་སྒྲོལ་འགག་སྒྲོལ་ལ་ཆེད་དོན་སྐོར་གཟིགས་ཀྱི“ཕྱིར་མིག་ལྟ་བ”དང་། ཕན་འབྲས་ལ་དཔྱད་ཞིབ། “ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་ལྟ་བཤེར་གནད་དོན་དང་། དེ་བཞིན་གནད་དོན་གྲལ་བཤེར་སོགས་ཀྱི་རྩད་ཆོད་པའི་གནད་དོན་དག་ཐེར་ལས་དོན་ལ་ལྟ་སྐུལ་ཞིབ་བཤེར་བྱེད་པ་དང་། གཞི་རིམ་དང་མཉམ་དུ་གནད་དོན་བཙལ་འཚོལ་དང་ཐག་གཅོད་ཀྱིས་དུས་ཐོག་ཏུ་སྤུས་ཚད་མཐོ་བའི་སྒོ་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་དམིགས་ཚད་ལས་འགན་ལེགས་གྲུབ་ཐུབ་པའི་འགན་ལེན་བྱ་རྒྱུ་དེ་རེད།

ངོ་སྤྲོད་བྱས་པ་ལྟར་ན། ལྟ་སྐུལ་ཞིབ་བཤེར་ཚོགས་ཆུང22ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གསར་སྤེལ་འགོ་ཁྲིད་ཚོགས་ཆུང་གི་ཁོངས་མིས་རུ་སྣེ་ཁྲིད་དེ་འབྲེལ་ཡོད་ཚན་པའི་མི་སྣ་ཟུར་འཐེན་གྱིས་གྲུབ་པ་ཞིག་ཡིན་པ་མ་ཟད། དམངས་གཙོའི་ཏང་ཤོག་ཁག་གི་ཀྲུང་དབྱང་གི་མངག་གཏོང་པ་གདན་དྲངས་ནས་ཞུགས་ཡོད། ལྟ་སྐུལ་ཞིབ་བཤེར་ཐད་གཙོ་བོར་ཡུལ་དངོས་སུ་ལྟ་སྐུལ་ཞིབ་བཤེར་དང་། ལྐོག་འདྲི་ཟུར་བཤེར། བདག་སྤྲོད་ཐེར་འདོན་སོགས་ཀྱི་བྱེད་ཐབས་སྤྱད་ཅིང་། འབྲེལ་ཡོད་ཀྱི་གནས་ཚུལ་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་སྙན་སེང་ཞུ་རྒྱུ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།