སྡེ་ཚན་བདུན་གྱིས་རྒྱལ་ཁབ་ཀྱི་གྲངས་འཛིན་གྲོང་གསེབ་ཀྱི་ཚོད་ལྟའི་ལས་དོན་མཉམ་དུ་བཀོད་སྒྲིག་བྱས་ནས་སྤེལ་རྒྱུ་ཡིན་པ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས18ཉིན་གསར་འགོད་པས་ཀྲུང་དབྱང་དྲ་འཕྲིན་གཞུང་དོན་ཁང་ནས་ཤེས་རྟོགས་བྱས་པར། ཉེ་ཆར་ཀྲུང་དབྱང་དྲ་འཕྲིན་གཞུང་དོན་ཁང་དང་། ཞིང་ལས་གྲོང་གསེབ་པུའུ། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་སོགས་སྡེ་ཚན་བདུན་གྱིས་རྒྱལ་ཁབ་གྲངས་འཛིན་གྲོང་གསེབ་ཚོད་ལྟའི་ལས་དོན་སྤེལ་རྒྱུའི་སྐོར་གྱི་བརྡ་ཐོ་མཉམ་འབྲེལ་ཐོག་བཀྲམ་ནས་གྲངས་འཛིན་གྲོང་གསེབ་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་འཚོལ་ཞིབ་ཧུར་ཐག་བྱས་ཏེ་ཞིང་ལས་གྲོང་གསེབ་དེང་རབས་ཅན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་པོ་གཏོང་བ་དང་ཞིང་ལས་ཕྱོགས་ཡོངས་རིམ་སྤོར་དང་། གྲོང་གསེབ་ཕྱོགས་ཡོངས་ཡར་རྒྱས། ཞིང་པ་ཕྱོགས་ཡོངས་འཕེལ་རྒྱས་བཅས་ལ་མགྱོགས་མྱུར་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན་པ་རེད།

བརྡ་ཐོའི་ནང་། ཚོད་ལྟའི་ལས་དོན་ནང་གཙོ་བོ་གྲངས་འཛིན་གྲོང་གསེབ་སྤྱི་ཡོངས་འཆར་འགོད་ཇུས་འགོད་བྱེད་པ་དང་། གྲོང་གསེབ་ཀྱི་རབས་གསར་པའི་ཆ་འཕྲིན་རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་གཏོང་བ། གྲོང་གསེབ་ཀྱི་གྲངས་འཛིན་དཔལ་འབྱོར་གྱི་ལས་རྣམ་གསར་པ་འཚོལ་ཞིབ་བྱེད་པ། གྲོང་གསེབ་ཀྱི་གྲངས་འཛིན་བཅོས་སྐྱོང་གི་རྣམ་པ་གསར་པ་འཚོལ་ཞིབ་བྱེད་པ་སོགས་ནང་དོན་ཁག་བདུན་ཡོད་ཅེས་བཏོན་པ་རེད། བརྡ་ཐོའི་ནང་། 2021ལོའི་ལོ་མཇུག་ཏུ་སླེབས་སྐབས་ཚོད་ལྟའི་ཁུལ་གྱི་གྲངས་འཛིན་གྲོང་གསེབ་འཛུགས་སྐྲུན་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲངས་འཛིན་དོ་སྙོམས་མེད་པའི་སྟོང་ཆ་ཆུང་དུ་གཏོང་བ། གྲོང་གསེབ་ཀྱི་གྲངས་འཛིན་དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས་གཏོང་བ། ཞིང་ལས་ཐོན་སྐྱེད་རིག་ནུས་ཅན་དང་གཉེར་སྐྱོང་དྲ་རྒྱ་ཅན་གྱི་ཆུ་ཚད་མཐོ་རུ་ཤུགས་ཆེན་གཏོང་བ། དྲ་སྦྲེལ་ལ་བརྟེན་ནས་སྤེལ་བའི་གྲོང་གསེབ་ཀྱི་ལས་གཏོད་གསར་གཏོད་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་གཏོང་བ། གྲོང་གསེབ་ཀྱི་གྲངས་འཛིན་བཅོས་སྒྲིག་མ་ལག་གཞི་རྩའི་ཆ་ནས་འཐུས་སྒོ་ཚང་དུ་གཏོང་བ། གྲོང་གསེབ་ཀྱི་སྤྱི་པའི་ཞབས་ཞུའི་མ་ལག་གཞི་རྩའི་ཆ་ནས་སྐྲུན་པ། གྲོང་གསེབ་ཀྱི་དྲ་རྒྱའི་རིག་གནས་དར་རྒྱས་གོང་འཕེལ་གཏོང་བ་བཅས་བྱེད་དགོས་པ་ཁ་གསལ་བཏོན་པ་རེད།

དེའི་ནང་གྲོང་གསེབ་ཀྱི་རབས་གསར་པའི་ཆ་འཕྲིན་རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་གཏོང་བའི་ཐད། བརྡ་ཐོའི་ནང་། རྨང་གཞིའི་སྒྲིག་བཀོད་མཉམ་སྐྲུན་མཉམ་སྤྱོད་ལ་ཤུགས་སྣོན་བརྒྱབ་སྟེ་ལེགས་བསྡུས་ནུས་ཆེ་དང་། ལྗང་མདོག་རིག་ལྡན། བདེ་འཇགས་གོ་ཆོད་བཅས་ཀྱི་གྲོང་གསེབ་ཀྱི་ཆ་འཕྲིན་རྨང་གཞིའི་སྒྲིག་བཀོད་གཏོད་དགོས་པ་དང་། གྲོང་གསེབ་ཀྱི་འོད་ཁྲིད་ཚི་སྐུད་དྲ་ཆེན་དང་། སྒུལ་བདེའི་དྲ་སྦྲེལ། གྲངས་འཛིན་བརྙན་འཕྲིན་དྲ་བ། རབས་གསར་པའི་དྲ་སྦྲེལ་བཅས་ཀྱི་འཕེལ་རྒྱས་མགྱོགས་སུ་བཏང་ནས4Gདྲ་རྒྱ་ཁྱབ་ཚད་མཐོ་རུ་གཏོང་བ་དང5Gམི་ཐབས་རིག་ནུས་དང་། ཟོག་འབྲེལ་དྲ་རྒྱ་སོགས་རྨང་གཞིའི་སྒྲིག་བཀོད་གསར་པ་འཛུགས་སྐྲུན་དང་བཀོལ་སྤྱོད་བྱེད་མགྱོགས་སུ་གཏོང་དགོས་པའི་བླང་བྱ་བཏོན་པ་རེད།

གྲོང་གསེབ་ཀྱི་གྲངས་འཛིན་དཔལ་འབྱོར་གྱི་ལས་རྣམ་གསར་པ་འཚོལ་ཞིབ་བྱ་ཆེད། བརྡ་ཐོའི་ནང་། ཆ་འཕྲིན་ཅན་དུ་སླེབས་ཚད་མཐོ་བ་དང་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་ཆེ་བའི་ཐོན་སྐྱེད་གཉེར་སྐྱོང་རྩ་འཛུགས་ཁག་གཅིག་སྐྱེད་སྲིང་ཤུགས་ཆེན་བྱས་ཏེ་སྙན་གྲགས་ཆེ་བ་དང་། སྤུས་ཚད་ལྡན་པ། ཁྱད་ཆོས་མངོན་གསལ་དོད་པ་བཅས་ཀྱི་གྲོང་གསེབ་དྲ་ཐོག་ཚོང་གཉེར་སྤུས་རྟགས་ཁག་གཅིག་སྐྱེད་སྲིང་དང་གྲུབ་པ་བྱས་ནས་དཔེ་གསར་ཞིང་ལས་དང་། འགན་ལེན་ཞིང་ལས། ལྟ་སྐོར་ཞིང་ལས། གྲོང་ཁྱེར་ཞིང་ལས་སོགས་ལས་རྣམ་གསར་པ་ཡུལ་བབ་དང་བསྟུན་ནས་སྐྱེད་སྲིང་བྱེད་དགོས་ཞེས་བཏོན་པ་རེད།

གཞན་ཡང་། བརྡ་ཐོའི་ནང་། གྲངས་འཛིན་གྲོང་གསེབ་ཀྱི་རྒྱུན་མཐུད་འཕེལ་རྒྱས་ལམ་སྲོལ་འཚོལ་ཞིབ་བྱེད་དགོས་པ་དང་། དྲ་རྒྱའི་དབུལ་སྐྱོར་བྱ་སྤྱོད་དང་གྲངས་འཛིན་གྲོང་གསེབ་འཕེལ་རྒྱས་འཐབ་ཇུས་དབར་གྱི་སྲུབས་མེད་སྦྲེལ་མཐུད་དམ་འཛིན་ཡག་པོ་བྱས་ཏེ་གྲོང་གསེབ་མི་འབོར་གྱི་ཤེས་བྱའི་གྲུབ་ཆ་དང་འཚམ་པའི་གྲངས་འཛིན་གྲོང་གསེབ་འཕེལ་རྒྱས་ཀྱི་རྣམ་པ་ཞིག་འཚོལ་ཞིབ་བྱས་ནས་སྐྲུན་དགོས། ཁྲོམ་རའི་ཧུར་བརྩོན་རང་བཞིན་སྐོང་འཐེན་གང་ལེགས་བྱས་ཏེ་གྲངས་འཛིན་གྲོང་གསེབ་འཕེལ་རྒྱས་ཀྱི་ཁོར་ཡུག་བཟང་པོ་སྐྱེད་སྲིང་བྱེད་པ་དང་གྲོང་གསེབ་ཀྱི་རང་བརྟེན་འཕེལ་རྒྱས་ཀྱི་སྒུལ་ཤུགས་དང་གསོན་ཤུགས་འཕེལ་བ་བྱེད་དགོས་ཞེས་བཏོན་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།