ཀྲུང་གུང་ཀྲུང་དབྱང་རྩ་འཛུགས་པུའུ་ཡིས་ཞོད་འགོག་རྒུད་སྐྱོབ་ཁྲོད་དུ་གཞི་རིམ་ཏང་རྩ་འཛུགས་ཀྱི་འཐབ་འཛིང་བཙན་རྫོང་གི་ནུས་པ་དང་རྒྱ་ཆེའི་ཏང་ཡོན་གྱི་གདོང་མཆོང་དཔེ་སྟོན་གྱི་ནུས་པ་ལེགས་པར་འདོན་པའི་སྐོར་གྱི་བརྡ་ཐོ་དཔར་ནས་བཀྲམ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན། ཀྲུང་གུང་ཀྲུང་དབྱང་རྩ་འཛུགས་པུའུ་ཡིས་བརྡ་ཐོ་དཔར་ནས་བཀྲམ་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཞོད་འགོག་རྒུད་སྐྱོབ་བྱ་བའི་མཛུབ་སྟོན་དགོངས་དོན་གལ་ཆེན་དང་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ཟབ་མོ་བྱས་ཏེ། ཞོད་འགོག་རྒུད་སྐྱོབ་ཁྲོད་དུ་གཞི་རིམ་ཏང་རྩ་འཛུགས་ཀྱི་འཐབ་འཛིང་བཙན་རྫོང་གི་ནུས་པ་དང་རྒྱ་ཆེའི་ཏང་ཡོན་གྱི་གདོང་མཆོང་དཔེ་སྟོན་གྱི་ནུས་པ་ལེགས་པར་འདོན་དགོས་པའི་རེ་བ་བཏོན།

བརྡ་ཐོའི་ནང་ནན་གྱིས་བསྟན་དོན། གནོད་ཐེབས་ས་ཁུལ་གྱི་རིམ་པ་སོ་སོའི་འགོ་ཁྲིད་ལས་བྱེད་པ་ཡུལ་དངོས་སུ་འགྲོ་བ་དང་མདུན་ཕྱོགས་ནས་བཀོད་འདོམས་བྱས་ཏེ། ཆབ་སྲིད་ཀྱི་འགན་འཁྲིའི་འདུ་ཤེས་མཐོན་པོ་དང་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་ཧ་ཅང་འགན་ཁུར་བའི་རྣམ་འགྱུར་བཅངས་ནས། གནོད་པ་ཆེས་ཚབས་ཆེ་བ་དང་ཉེན་སེལ་ཐད་ཆེས་དཀའ་ཁག་ཆེ་བ། མང་ཚོགས་ལ་ཆེས་དགོས་མཁོ་ཆེ་བའི་ས་རུ་སོང་སྟེ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་རྩ་འཛུགས་ཀྱིས་སྟོབས་ཤུགས་ཡོད་རྒུས་ཉེན་སེལ་རྒུད་སྐྱོབ་བྱེད་པ་དང་། གནོད་པ་ཐེབས་པའི་དཀའ་ངལ་ཅན་གྱི་མང་ཚོགས་ལ་ནན་ཏན་གྱིས་རོགས་རམ་དང་རོགས་སྐྱོབ་བཟང་བོ་བྱས་ཏེ། གནོད་འཚེར་བརྟེན་ནས་དབུལ་བོར་འགྱུར་བ་དང་ཡང་བསྐྱར་དབུལ་བོར་འགྱུར་བར་བཀག་འགོག་བྱེད་དགོས། གནོད་ཐེབས་ས་ཁུལ་གྱི་གཞི་རིམ་ཏང་རྩ་འཛུགས་དང་ཏང་ཡོན་ལས་བྱེད་པས་རང་འགན་ནན་སྒྲུབ་དང་འབད་པས་གནོད་འགོག་བྱས་ཏེ། འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་མོ་བྱེད་དགོས་པ་དང་། ཏང་ཡོན་དང་མང་ཚོགས་རྩ་འཛུགས་ཀྱིས་འགོག་སྲུང་ནན་མོ་བྱེད་དགོས་ལ། ཧྲུའུ་ཅི་དང་པོ་དང་སྡེ་སྡོད་བྱ་བའི་རུ་ཁག་དག་རང་ཡོད་ས་རུ་ཞོད་འགོག་རྒུད་སྐྱོབ་རུ་ཁག་ཏུ་བསྒྱུར་དགོས་ཤིང་། ལས་ཁུངས་ཀྱི་ཏང་ཡོན་དང་ལས་བྱེད་པ་ཞོད་འགོག་རྒུད་སྐྱོབ་ཀྱི་ཡུལ་དངོས་སུ་མངགས་ཏེ། ཆུ་ལོག་གི་གནོད་འཚེ་ལས་རྣམ་པར་རྒྱལ་བའི་འཐབ་འཛིང་གི་བཙན་རྫོང་བརྟན་པོ་འཛུགས་དགོས། གནོད་འཚེ་ཐེབས་མེད་པའི་ས་ཁུལ་གྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་ཏང་ཡོན་ལས་བྱེད་པས་གནོད་ཐེབས་ས་ཁུལ་ལ་སེམས་ཁུར་བྱས་ཏེ་སྟོབས་ཤུགས་ཡོད་རྒུས་རོགས་སྐྱོར་བྱེད་དགོས། རིམ་པ་སོ་སོའི་ཏང་ཨུའི་རྩ་འཛུགས་སྡེ་ཁག་གིས་ཞོད་འགོག་རྒུད་སྐྱོབ་ཀྱི་ཡུལ་དངོས་ནས་ལས་བྱེད་པར་དཔྱད་ཞིབ་གདེང་འཇོག་བྱེད་པ་དང་། ཏང་ཡོན་གོང་འཕེལ་གཏོང་བའི་བྱ་བ་བཟང་བོར་སྒྲུབ་པར་མཛུབ་སྟོན་བྱེད་པ། གནས་ཚུལ་གསར་རྙེད་བྱེད་རྒྱུ་གཙིགས་སུ་འཛིན་པ། དུས་ལྟར་གཟེངས་བསྟོད་བྱེད་པ། གཞི་རིམ་ཏང་རྩ་འཛུགས་དང་ཏང་ཡོན་གྱི་སྔོན་ཐོན་མཛད་རྗེས་དྲིལ་སྒྲོག་དང་དེར་གཟེངས་བསྟོད་བྱེད་པ། ཞོད་འགོག་རྒུད་སྐྱོབ་ཀྱི་ཡུལ་དངོས་ཀྱི་ལས་བྱེད་པར་སེམས་ཁུར་གཅེས་སྐྱོང་བྱེད་ཤུགས་ཇེ་ཆེར་གཏོང་བ། གཞི་རིམ་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་གྱིས་སྟོབས་ཤུགས་ཡོད་རྒུ་བཏོན་ནས་ཞོད་འགོག་རྒུད་སྐྱོབ་བྱ་བའི་ཁྲོད་དུ་ཞུགས་པར་སྐུལ་སློང་དང་རྩ་འཛུགས་བཅས་བྱས་ཏེ། ཞོད་འགོག་རྒུད་སྐྱོབ་འཐབ་རྩོད་ཀྱི་རྒྱལ་ཁ་ལེན་དགོས་ཟེར།

རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།

དཔྱད་མཆན 0 ཡོད།