ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་བསྡུས་པ་དང་ཞི་ཅིན་ཕིང་གིས་གྲོས་ཚོགས་ལ་འགོ་འཛིན་མཛད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-07-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བདུན་པའི་ཚེས་བཅུ་བདུན་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་བསྡུས་ཏེ་ཆུ་ལོག་འགོག་པ་དང་གནོད་པ་སེལ་བའི་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོས་ཚོགས་ལ་འགོ་འཛིན་མཛད་པར་མ་ཟད་གསུང་བཤད་གལ་ཆེན་གནང་།

ཞི་ཅིན་ཕིང་གིས་བསྟན་དོན། ཟླ་དྲུག་པའི་ཚུན་ལ། ཏང་ཀྲུང་དབྱང་གི་ཡང་དག་པའི་འགོ་ཁྲིད་འོག རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་བྲེལ་མྱུར་འགུལ་སྐྱོད་སྤེལ་ཞིང་ནུས་ལྡན་བྱེད་ཐབས་སྤྱད་པ་དང་། རྒྱལ་ཁབ་ཆུ་ལོག་དང་ཐན་པ་སེལ་བའི་སྤྱིའི་བཀོད་འདོམས་པུའུ་དང་འབྲེལ་ཡོད་ལས་ཁུངས་དང་སྡེ་ཁག་གིས་འགན་འཁྲི་ལག་བསྟར་ནན་མོ་བྱས་པ་དང་རོགས་ལས་དམ་པོར་བྱས་ཤིང་། མི་དམངས་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དམག་དཔུང་གིས་གནད་འགག་དུས་སྐབས་སུ་འཕྲལ་སྒྲུབ་རུ་ཁག་གི་ནུས་པ་འདོན་སྤེལ་བྱས་པ་དང་། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱས་ཏེ་ཆུ་ལོག་འགོག་པ་དང་གནོད་པ་སེལ་བའི་ཁྲོད་དུ་ནུས་པ་ཆེན་པོ་བཏོན་པར་མ་ཟད། ཆུ་ལོག་འགོག་པ་དང་གནོད་པ་སེལ་བའི་བྱ་བ་བཟང་བོར་བསྒྲུབས་པས་གྲུབ་འབྲས་མངོན་གསལ་ཐོབ་ཡོད།

ཞི་ཅིན་ཕིང་གིས་བསྟན་དོན། ཆུ་ལོག་འགོག་པ་དང་གནོད་པ་སེལ་རྒྱུ་དེ་མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་འབྲེལ་བ་ཡོད་པ་དང་། འབྲུ་རིགས་བདེ་འཇགས་དང་དཔལ་འབྱོར་བདེ་འཇགས། སྤྱི་ཚོགས་བདེ་འཇགས། རྒྱལ་ཁབ་བདེ་འཇགས་བཅས་ལ་འབྲེལ་བ་ཡོད། ད་ལོ་ནི་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པར་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ་དང་དབུལ་ཐར་མཁྲེགས་གཏོར་ཐད་ནས་གྲུབ་འབྲས་ཆེན་པོ་ལེན་པའི་ལོ་ཡིན་ལ། ལོ་ལྔའི་འཆར་གཞི་བཅུ་གསུམ་པ་མཇུག་བསྡུ་བའི་ལོ་ཡང་ཡིན་པས་ཆུ་ལོག་འགོག་པ་དང་གནོད་པ་སེལ་བའི་བྱ་བ་བཟང་བོར་བསྒྲུབ་རྒྱུ་ཧ་ཅང་གལ་ཆེ། འབྲེལ་ཡོད་ས་ཁུལ་དང་ལས་ཁུངས། སྡེ་ཁག་བཅས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་འགན་སྲུང་བྱེད་རྒྱུ་དེ་གོ་གནས་དང་པོར་བཞག་སྟེ་ནུས་ལྡན་བྱེད་ཐབས་སྤྱོད་པ་དང་། ཆུ་ལོག་འགོག་པ་དང་གནོད་པ་སེལ་བའི་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབ་དགོས།

ཚོགས་ཐོག་ནས་བསྟན་དོན། ཏང་ཀྲུང་དབྱང་གིས་ད་ལོའི་ཆུ་ལོག་འགོག་པ་དང་གནོད་པ་སེལ་བའི་བྱ་བར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད། ཟླ་ལྔ་བའི་ཚེས་བཅུ་དགུ་ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ལ་འགོ་འཛིན་མཛད་དེ་འབྲེལ་ཡོད་བྱ་བར་ཞིབ་འཇུག་བྱེད་སྐབས། འབྲེལ་ཡོད་ཕྱོགས་སོ་སོས་ད་ལོའི་ཆུ་ལོག་གི་གནོད་པ་ཆེ་བའི་དུས་སྐབས་ལ་འབྲི་ཆུའི་དབུས་རྒྱུད་དང་སྨད་རྒྱུད་ལ་ཆུ་ལོག་གི་གནོད་པ་བྱུང་བར་ཧ་ཅང་མཐོང་ཆེན་བྱས་ཏེ། ཆུ་ལོག་འགོག་པའི་བྱ་བའི་འགན་འཁྲི་དང་ལེན་བྱེད་པ་དང་རིམས་ནད་ཀྱིས་བཟོས་པའི་ཤུགས་རྐྱེན་བསལ་དགོས་ལ། ཆུ་བེད་བཟོ་སྐྲུན་སླར་གསོ་བྱེད་པའི་བྱ་བ་དམ་འཛིན་བྱེད་པ་དང་དངོས་རྫས་གསོག་འཇོག་ལ་ཤུགས་སྣོན་པར་མ་ཟད། མྱུར་སྐྱོབ་གསོ་སྦྱོང་དང་འཁྲབ་སྦྱོང་གང་ལེགས་སྒོས་སྤེལ་དགོས་པ་དང་། སྟོབས་ཤུགས་ཡོད་རྒུ་བཏོན་ནས་མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་འགན་སྲུང་བྱེད་དགོས་པའི་རེ་བ་བཏོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ད་དུང་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་ཐེངས་མང་གནང་སྟེ། ས་གནས་སོ་སོ་དང་འབྲེལ་ཡོད་ལས་ཁུངས་ཀྱིས་མི་དམངས་གཙོར་འཛིན་པ་དང་ཚེ་སྲོག་ལ་གཅེས་སྤྲས་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། རིམས་ནད་འགོག་སྲུང་དང་ཆུ་ལོག་འགོག་པ་དང་གནོད་པ་སེལ་བའི་བྱ་བ་བཟང་བོར་བསྒྲུབ་པ་དང་གཅིག་གྱུར་སྒོས་འཆར་འགོད་བྱེད་དགོས་པའི་རེ་བ་བཏོན་པ་དང་། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་འགན་འཁྲི་དང་ལེན་བྱེད་པ་དང་སྤོབས་པ་ཆེན་པོས་ཁག་ཁུར་བྱེད་པ། ཕན་ནུས་ལྡན་པའི་བྱེད་ཐབས་སྤྱོད་པ། སྟོབས་ཤུགས་ཡོད་རྒུ་བཏོན་ནས་རྒུད་སྐྱོབ་མྱུར་སྐྱོབ་བྱེད་དགོས་པར་མ་ཟད་ནུས་ཤུགས་ཡོད་རྒུ་བཏོན་ནས་མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་འགན་སྲུང་བྱེད་དགོས་པའི་རེ་བ་བཏོན།

ཚོགས་ཐོག་ནས་བསྟན་དོན། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་ཆུ་ལོག་འགོག་པ་དང་གནོད་པ་སེལ་བའི་གཙོ་གཞིའི་འགན་འཁྲི་ཁྱོན་ཡོངས་ནས་དངོས་འབེབས་བྱས་ཏེ། འགོ་ཁྲིད་ལ་ཤུགས་སྣོན་དང་འགན་འཁྲི་ལག་བསྟར་ནན་མོ་བྱེད་པ་དང་། མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་འགན་སྲུང་བྱེད་རྒྱུ་གོ་གནས་དང་པོར་འཇོག་དགོས། གནོད་འགོག་གནོད་སེལ་རྒུད་སྐྱོབ་སྒྲིག་སྲོལ་བཅོས་སྒྱུར་གྱི་ཁྱད་སྟོབས་འདོན་སྤེལ་གང་ལེགས་བྱེད་པ་དང་། འབྲེལ་ཡོད་ཕྱོགས་སོ་སོས་གཅིག་གྱུར་མཐུན་སྦྱོར་ལ་ཤུགས་སྣོན་དགོས་ལ། རང་རང་གི་ཆེད་ལས་ཁྱད་སྟོབས་འདོན་སྤེལ་བྱས་ནས་ཞིང་ཆེན་དང་གྲོང་ཁྱེར་བར་དང་ལས་ཁུངས་བར། དམག་དཔུང་དང་ས་གནས་བར། སྟོད་རྒྱུད་དང་སྨད་རྒྱུད་བར་རོགས་ལས་བྱེད་པའི་ཆུ་ལོག་འགོག་པ་དང་གནོད་པ་སེལ་བའི་རྣམ་པ་བཟང་བོ་ཆགས་པར་བྱེད་དགོས། རིམ་པ་སོ་སོའི་འགོ་ཁྲིད་ལས་བྱེད་པ་འཐབ་ཕྱོགས་དང་པོར་སོང་སྟེ་བཀོད་འདོམས་བྱེད་པ་དང་ལྟ་རྟོག་ཞིབ་བཤེར་བྱེད་དགོས་ལ། ཆུ་ལོག་འགོག་པ་དང་གནོད་པ་སེལ་བའི་འཐབ་ཕྱོགས་དང་པོ་རུ་འགན་འཁྲི་ཁག་ཁུར་མཚོན་པར་བྱེད་པ་དང་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་རྩ་འཛུགས་བྱས་ཏེ་རྡོག་རྩ་གཅིག་སྒྲིལ་དང་འབད་འཐབ་ལྷོད་མེད་བྱེད་དགོས་ཟེར།

ཚོགས་ཐོག་ནས་བསྟན་དོན། གནོད་ཐེབས་རྗེས་ཀྱི་སླར་གསོ་དང་བསྐྱར་འཛུགས་བྱ་བར་འཆར་འགོད་ཞིབ་མོ་བྱས་ཏེ་དུས་ཐོག་ཏུ་རྒུད་སྐྱོབ་མ་དངུལ་སྟེར་བ་དང་རྒུད་སྐྱོབ་དངོས་རྫས་བཀོད་སྒྲིག་བྱས་ནས། གནོད་ཁུལ་གྱི་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་མྱུར་དུ་སླར་གསོ་བྱེད་པ་དང་། ཆུ་གློག་དང་འགྲིམ་འགྲུལ། འཕྲིན་གཏོང་སོགས་ཀྱི་རྨང་གཞིའི་སྒྲིག་ཆས་མྱུར་དུ་སླར་གསོ་བྱེད་དགོས་པར་མ་ཟད། གནོད་ཐེབས་མང་ཚོགས་རྩ་འཛུགས་བྱས་ཏེ་ཐོན་སྐྱེད་སླར་གསོ་དང་ཁྱིམ་གཞི་བསྐྱར་འཛུགས་བྱེད་དགོས། གནོད་པ་ཐེབས་པའི་རིགས་སོ་སོའི་ཐོན་སྐྱེད་དང་ཁེ་ལས་ཀྱི་ལས་ཐོན་སླར་གསོ་བྱེད་པར་རྒྱབ་སྐྱོར་བྱེད་པ་དང་། གནོད་ཐེབས་རྗེས་ཀྱི་སླར་གསོ་བསྐྱར་འཛུགས་དང་དབུལ་ཐར་མཁྲེགས་གཏོར་བྱ་བར་གཅིག་གྱུར་སྒོས་འཆར་འགོད་བྱེད་པ། དབུལ་ཕོངས་ས་ཁུལ་དང་གནོད་ཐེབས་མང་ཚོགས་ལ་རྒྱབ་སྐྱོར་བྱས་ནས། གནོད་འཚེར་བརྟེན་ནས་ཡང་བསྐྱར་དབུལ་ཕོངས་སུ་འགྱུར་བ་སྔོན་འགོག་བྱེད་དགོས་ཟེར།

ཚོགས་ཐོག་ནས་བསྟན་དོན། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་ས་གནས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ས་གནས་ཀྱི་བདེ་འཇགས་ལ་འགན་སྲུང་བྱེད་པའི་ཆབ་སྲིད་འགན་འཁྲི་ཁག་ཁུར་བྱེད་དགོས་པ་དང་། གཞི་རིམ་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་འཐབ་འཛིང་མཁར་རྫོང་ནུས་པ་དང་གདོང་ལེན་དཔེ་སྟོན་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། རང་འགུལ་སྒོས་ཁག་ཁུར་བྱེད་པ་དང་སྤོབས་པ་ཆེན་པོས་བྱ་བ་བསྒྲུབ་དགོས་ལ། མི་དམངས་མང་ཚོགས་དང་དམ་པོར་སྦྲེལ་ཏེ་ཏང་གི་ཆབ་སྲིད་ཁྱད་སྟོབས་དང་རྩ་འཛུགས་ཁྱད་སྟོབས། མང་ཚོགས་དང་འབྲེལ་འདྲིས་དམ་པོ་བྱེད་པའི་ཁྱད་སྟོབས་དེ་ཆུ་ལོག་འགོག་པ་དང་གནོད་པ་སེལ་བའི་སྟོབས་ལྡན་ཆབ་སྲིད་ཁྱད་སྟོབས་སུ་བསྒྱུར་ནས།  ཆུ་ལོག་འགོག་པ་དང་གནོད་པ་སེལ་བའི་འཐབ་ཕྱོགས་དང་པོ་རུ་གྲུབ་འབྲས་ཆེན་པོ་ལེན་དགོས་ཟེར།

ཚོགས་ཐོག་ནས་ད་དུང་དོན་དག་གཞན་དག་ལ་ཞིབ་འཇུག་བྱས།

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།