ཀྲུང་གོ་བོད་ཀྱི་དྲ་བ།

རང་རྒྱལ་གྱི་ཟླ་དྲུག་པའི་ཕྱིར་གཏོང་དང་ནང་འདྲེན་གཉིས་ཀ་ལོའི་ནང་དུ་ཐེངས་དང་པོ་འཕར་བ།

ཡོང་ཁུངས། : མི་དམངས་དྲ་བ།     སྤེལ་དུས། : 2020-07-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕྱིར་གཏོང4.3%དང་ནང་འདྲེན་6.2%འཕར་བ་སོགས་ཚེས14ཉིན་འགག་སྒོ་སྤྱི་ཁྱབ་ཧྲུའུ་ཡིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། ད་ལོའི་ཟླ་6པར་རང་རྒྱལ་གྱི་དངོས་ཟོག་ཚོང་དོན་ཕྱིར་གཏོང་ནང་འདྲེན་གཉིས་ཀ་ལོའི་ནང་དུས་མཚུངས་ལས་ཐེངས་དང་པོ་འཕར་བ་དང་འཕར་ཚད་དེ་སྔོན་དཔག་གི་རྣམ་པ་ལས་ཡག་པ་ཡོད་པ་རེད།

གྲངས་གཞི་ལས་མངོན་པར། དུས་ཐེངས་དང་པོའི་གཡོ་འགུལ་རྗེས་རང་རྒྱལ་གྱི་དུས་ཐེངས་གཉིས་པའི་ཕྱིར་གཏོང་ནང་འདྲེན་བརྟན་དུ་ཕྱིན་ཡོད། ཟླ་རེ་ནས་བལྟས་ཚེ་ཟླ་བཞི་པ་ནས་བཟུང་རང་རྒྱལ་གྱི་ཕྱིར་གཏོང་བསྟུད་མར་ཟླ་བ་གསུམ་འཕར་བ་དང་ཟླ་དྲུག་པའི་ཕྱིར་གཏོང་དུས་མཚུངས་དང་བསྡུར་ན་5.1%འཕར་ཡོད། དུས་ཚིགས་རེ་ནས་བལྟས་ཚེ་དུས་ཚིགས་གཉིས་པར་རང་རྒྱལ་གྱི་ཕྱི་ཕྱོགས་ཚོང་དོན་གྱི་ཕྱིར་གཏོང་ནང་འདྲེན་སྒོར་དུང་ཕྱུར་ཁྲི་7.67ཟིན་པ་དེ་དུས་མཚུངས་ལས་0.2%ཆག་པ་དང་དུས་ཚིགས་དང་པོར་6.4%ཆག་པ་དང་བསྡུར་ན་ཆག་ཚད་ཉུང་དུ་མངོན་གསལ་དོད་པོ་སོང་ཡོད་པ་རེད།

ལོ་སྟོད་ནས་བལྟས་ཚེ་རང་རྒྱལ་གྱི་ཕྱི་ཕྱོགས་ཚོང་དོན་ཕྱིར་གཏོང་གི་སྤྱིའི་རིན་ཐང་སྒོར་དུང་ཕྱུར་ཁྲི་14.24ཟིན་ནས་དུས་མཚུངས་ལས་3.2%ཆག་པ་དང་ཆག་ཚད་དེ་གོང་གི་ཟླ་བ་ལྔ་དང་བསྡུར་ན་བརྒྱ་ཆའི་གྲངས་1.7ཉུང་དུ་ཕྱིན་ཡོད། དེའི་ནང་ཕྱིར་གཏོང་སྒོར་དུང་ཕྱུར་ཁྲི་7.71ཟིན་ནས་3%ཆག་པ་དང་། ནང་འདྲེན་སྒོར་དུང་ཕྱུར་ཁྲི་6.53ཟིན་ནས་3.3%ཆག་ཡོད།

འགག་སྒོའི་བསྡོམས་རྩིས་ལས་མངོན་པར། དམངས་གཉེར་ཁེ་ལས་ཀྱི་ཕྱིར་གཏོང་ནང་འདྲེན་འཕར་བའི་རྣམ་པ་མངོན་ཡོད། ལོ་སྟོད་དུ་ཕྱི་ཕྱོགས་ཚོང་དོན་གྱི་ཚོང་གཉེར་བྱེད་པོ་ཆེ་གྲས་དང་པོ་ཡིན་པའི་དམངས་གཉེར་ཁེ་ལས་ཀྱི་ཕྱིར་གཏོང་ནང་འདྲེན་སྒོར་དུང་ཕྱུར་ཁྲི་6.42ཟིན་ནས་4.9%འཕར་བ་དེས་རང་རྒྱལ་གྱི་ཕྱི་ཕྱོགས་ཚོང་དོན་སྤྱིའི་རིན་ཐང་གི་45.1%བཟུང་བ་དང་ན་ནིང་གི་དུས་མཚུངས་ལས་བརྒྱ་ཆའི་གྲངས་3.5འཕར་ཡོད། དེའི་ནང་ཕྱིར་གཏོང་སྒོར་དུང་ཕྱུར་ཁྲི་4.14ཟིན་ནས་3.2%འཕར་བ་དང་ནང་འདྲེན་སྒོར་དུང་ཕྱུར་ཁྲི་2.28ཟིན་ནས་8.1%འཕར་ཡོད།

ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱིས་མུ་མཐུད་རང་རྒྱལ་གྱི་ཚོང་དོན་རོགས་ཟླ་ཆེ་ཤོས་ཀྱི་གནས་བབ་བཟུང་ཡོད། ལོ་སྟོད་དུ་རང་རྒྱལ་གྱིས་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་ལ་ཕྱིར་གཏོང་ནང་འདྲེན་སྒོར་དུང་ཕྱུར་ཁྲི་2.09བྱས་པ་དང་5.6%འཕར་ནས་རང་རྒྱལ་གྱི་ཕྱི་ཕྱོགས་ཚོང་དོན་སྤྱིའི་རིན་ཐང་གི་14.7%བཟུང་ཡོད། དེ་དང་དུས་མཚུངས་རང་རྒྱལ་གྱིས་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་ལ་ཕྱིར་གཏོང་ནང་འདྲེན་སྒོར་དུང་ཕྱུར་ཁྲི་1.99བྱས་པ་དང་1.8%ཆག་ཡོད། རང་རྒྱལ་གྱིས་ཨ་རིར་ཕྱིར་གཏོང་ནང་འདྲེན་སྒོར་དུང་ཕྱུར་ཁྲི་1.64བྱས་པ་དང་6.6%ཆག་ཡོད། གཞན་ཡང་རང་རྒྱལ་གྱིས“རྒྱུད་གཅིག་ལམ་གཅིག”གི་ལམ་རྒྱུད་རྒྱལ་ཁབ་ལ་ཕྱིར་གཏོང་ནང་འདྲེན་སྒོར་དུང་ཕྱུར་ཁྲི་4.2བྱས་པ་དང་0.9%ཆག་ཡོད་པ་རེད།

འགག་སྒོའི་གྲངས་གཞི་ལས་མངོན་པར། རང་རྒྱལ་གྱི་རིམས་འགོག་དངོས་ཟོག་དང“ཁྱིམ་སྡོད་ལས་བྱེད”ཐོན་རྫས་ཕྱིར་གཏོང་བྱེད་ཚད་མགྱོགས་པོ་ཡོད་ཅིང་། ལོ་སྟོད་དུ་ཁ་རས་སོགས་འཁལ་འཐག་ཐོན་རྫས་ཕྱིར་གཏོང་བྱེད་ཚད་32.4%འཕར་བ་དང་སྨན་རྫས་རྒྱུ་ཆ་དང་དེ་བཞིན་སྨན་རྫས་དང་སྨན་བཅོས་ཡོ་ཆས་ཕྱིར་གཏོང་བྱེད་ཚད་སོ་སོར་23.6%དང་46.4%འཕར་ཡོད་པ་རེད། “ཁྱིམ་སྡོད་ལས་བྱེད”འཛད་སྤྱོད་ཀྱིས་ལག་ཁྱེར་གློག་ཀླད་དང་ལག་ཐོགས་ཁ་པར་ཕྱིར་གཏོང་བྱེད་ཚད་སོ་སོར་9.1%དང་0.2%འཕར་བར་སྣེ་ཁྲིད་བྱས་ཡོད། དེ་དང་དུས་མཚུངས་རང་རྒྱལ་གྱི་འཕྲུལ་འཁོར་དང་གློག་ཆས་ཐོན་རྫས་ཕྱིར་གཏོང་སྒོར་དུང་ཕྱུར་ཁྲི་4.52བྱས་པ་དང་2.3%ཆག་ནས་ཕྱིར་གཏོང་གི་སྤྱིའི་རིན་ཐང་གི་58.6%བཟུང་ཡོད། འཁལ་འཐག་དང་གྱོན་ཆས་སོགས་ངལ་ནུས་འདུས་ཆེའི་ཐོན་རྫས་ཆེ་གྲས་བདུན་གྱིས་ཕྱིར་གཏོང་སྒོར་དུང་ཕྱུར་ཁྲི་1.5བྱས་ནས་1.4%ཆག་པ་དང་19.4%བཟུང་ཡོད།

འགག་སྒོ་སྤྱི་ཁྱབ་ཧྲུའུ་ཡི་གསར་འགྱུར་མགྲིན་ཚབ་པ་ལི་ཁུའེ་ཝུན་གྱིས་རིམས་ནད་ཀྱི་རྡབ་རྡེག་ཕོག་པའི་དུས་བབ་འོག་འཛམ་གླིང་ལ་འགྱུར་ལྡོག་གཏིང་ཟབ་འགྲོ་བཞིན་ཡོད་པ་དང་འཛམ་གླིང་དཔལ་འབྱོར་ཧ་ཅང་ཉམས་ཞན་དུ་འགྲོ་བ་དང་། རྒྱལ་སྤྱིའི་ཚོང་དོན་དང་མ་འཇོག་ཆེས་ཉུང་དུ་འགྲོ་བ། རང་རྒྱལ་གྱི་ཕྱི་ཕྱོགས་ཚོང་དོན་འཕེལ་རྒྱས་ཁོར་ཡུག་རྙོག་འཛིང་ཆེ་རུ་འགྲོ་བ་བཅས་ཀྱི་གནས་ཚུལ་ཐོན་ཡོད། འགག་སྒོ་ལས་ཁུངས་ཀྱིས་འགག་སྒོའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་ཕྱི་ཕྱོགས་ཚོང་དོན་བརྟན་པོའི་ངང་འཕར་བའི་ལས་དོན་ལ་སྐུལ་འདེད་ཧུར་ཐག་བཏང་ནས་ཕྱི་ཕྱོགས་ཚོང་དོན་གྱི་གཞི་རྩའི་རྣམ་པ་བརྟན་པོ་ཡོང་བར་འབད་བརྩོན་བྱེད་ཀྱི་ཡིན་ཞེས་བཤད་པ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།